ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་དབྱི་རག་གི་མངའ་ཁོངས་ཀྱི་དམིགས་འབེན་ལ་དམག་དོན་འགུལ་སྐྱོད་སྤེལ་མྱོང་བ་ཐོག་མར་ཁས་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས25ཉིན་ཐོག་དང་པོར་བདེན་དཔང་བྱེད་རྒྱུར། དབྱི་ལང་གི་མཚོན་ཆ་དབྱི་རག་བརྒྱུད་དེ་དབྱི་སི་རལ་གྱི་དགྲ་བོའི་ལག་ཏུ་འཆོར་བར་བཀག་འགོག་བྱེད་ཆེད། དབྱི་སི་རལ་གྱིས་དབྱི་རག་གི་མངའ་ཁོངས་ཀྱི་དམིགས་འབེན་ལ་དམག་དོན་འགུལ་སྐྱོད་སྤེལ་མྱོང་བ་ཡིན་ཟེར།

དབྱི་སི་རལ་དམག་དཔུང་གི་སྤྱིའི་ཇུས་འདོན་དཔོན་པོ་ཨ་ཝེ་ཧྥུའུ་ཁོ་ཧ་ཝེ་ཡིས་ཚེས25ཉིན་ཐི་ལ་ཝེ་ཧྥུའུ་ནས་བསྡུས་པའི་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་རག་ཏུ་ནང་འཁྲུག་འབྱུང་བཞིན་ཡོད་པ་དང་། དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་ཁོངས་སུ་གཏོགས་པའི་མཁར་མཆོག་དམག་དཔུང་ཞེས་པ་དེས་གོ་སྐབས་དེ་དང་བསྟུན་ནས་དབྱི་རག་ན་མཚོན་ཆ་ལྐོག་འཚོང་གི་བྱ་འགུལ་སྤེལ་བཞིན་ཡོད། དགྲ་བོར་སྔོན་ཐོན་མཚོན་ཆ་དེའི་རིགས་ཐོབ་པར་བཀག་འགོག་བྱེད་ཆེད། དབྱི་སི་རལ་གྱིས་འགུལ་སྐྱོད་སྤེལ་བཞིན་པའི་སྒང་ཡིན་ལ་རྗེས་ཕྱོགས་ཀྱང་འགུལ་སྐྱོད་མུ་མཐུད་དུ་སྤེལ་སྲིད་ཟེར།

ད་ལོའི་ཟླ་བདུན་པ་དང་བརྒྱད་པར། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཤུགས་ཀྱི་རྟེན་གཞི་དང་མཚོན་ཆའི་མཛོད་ཁང་མང་པོ་དང་། དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལང་དང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་དབྱི་རག་ཏུ་ཡོད་པའི་སྒར་ས་རེད་འདོད་པའི་ས་གནས་ལ་བསྟུད་མར་བར་སྣང་གི་འཇབ་རྒོལ་ཐེབས་མྱོང་། དབྱི་རག་དང་དབྱི་སི་རལ་གྱི་སྨྱན་བྱེད་ཀྱིས་དབྱི་སི་རལ་གྱི་དམག་ཕྱོགས་དོན་རྐྱེན་དེ་དག་དང་ཁ་འབྲལ་ཐབས་མེད་པར་འདོད་ཡོད།

དབྱི་སི་རལ་ཕྱོགས་ཀྱིས་དབྱི་རག་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་མངོན་གསལ་གྱིས་ཁས་བླངས་མྱོང་མེད། ཡིན་ནའང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཐེངས་མང་པོར་དབྱི་ལང་གི་དབྱི་རག་ན་ཡོད་པའི་དམག་དོན་རྒྱུ་ནོར་ལ་ལག་འགུལ་སྲིད་པའི་ལྐོག་བརྡ་བསྟན་མྱོང་། མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་མང་པོས་ད་ལོའི་ཟླ8པར་སྨྱན་བྱེད་ལ་དབྱི་སི་རལ་ཕྱོགས་ཀྱིས་ཉུང་མཐར་ཡང་བར་སྣང་འཇབ་རྒོལ་ཐེངས་གཅིག་བྱས་པ་བདེན་དཔང་བྱས། དབྱི་སི་རལ་གྱི་སྨྱན་བྱེད་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཁོ་ཧ་ཝེ་ཡིས་ཚེས25ཉིན་བསྟན་པའི་རྣམ་འགྱུར་དེ་ནི་དབྱི་སི་རལ་ཕྱོགས་ཀྱིས་དབྱི་རག་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་ཐེངས་དང་པོར་ཁས་བླངས་པ་ཡིན་པར་འདོད་ཡོད།

སི་རི་ཡའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱིས་ཐེངས་མང་པོར་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་རྒོལ་རྡུང་བྱེད་པ་རྒྱུ་མཚན་དུ་བྱས་ནས། སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་མྱོང་ལ། དབྱི་སི་རལ་ཕྱོགས་ཀྱིས་དེའི་ནང་གི་སྒྲིག་ཆས་ཁ་ཤས་སུ་དབྱི་ལང་གིས་པེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྐྱེལ་རྒྱུའི་མཚོན་ཆ་བཞག་ཡོད་ཅེས་བཤད། ཡིན་ནའང་སི་རི་ཡ་དང་དབྱི་ལང་སྲིད་གཞུང་གིས་སི་རི་ཡ་ན་དབྱི་ལང་གི་བཅའ་སྡོད་དམག་དཔུང་མེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།