ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡས་རྒྱལ་དམངས་དམག་དཔུང་གིས་རྒྱལ་སར་དཔུང་འཇུག་བྱས་པའི་ཐད་ནས་ཨ་མེ་རི་ཁས་ལངས་ཕྱོགས་གསལ་པོར་སྟོན་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཕྱི་འབྲེལ་དཔོན་པོ་ཞི་ཡ་ལཱ་ཡིས་ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁས་ལི་པི་ཡའི་རྒྱལ་དམངས་དམག་དཔུང་གིས་རྒྱལ་ས་ཏི་ལེ་པོ་ལེ་ལ་དཔུང་འཇུག་བྱས་པའི་ཐད་ནས་ལངས་ཕྱོགས་གསལ་པོར་སྟོན་དགོས་པའི་རེ་བ་བཏོན།

ཞི་ཡ་ལཱ་ཡིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་བཤད་རྒྱུར། མི་རིགས་མཐུན་སྒྲིལ་སྲིད་གཞུང་ནི་ལི་པི་ཡའི་ཁྲིམས་མཐུན་འཐུས་ཚབ་ཉག་གཅིག་ཡིན་པ་དང་། རྒྱལ་དམངས་དམག་དཔུང་གིས་ཏི་ལེ་པོ་ལེ་ལ་བཙན་འཛུལ་བྱས་པའི་དམག་དོན་འགུལ་སྐྱོད་དེས་ལི་པི་ཡའི་དམངས་གཙོའི་འཕེལ་རིམ་ལ་བཀག་འགོག་བྱེད་སྲིད་པས། ཨ་མེ་རི་ཁ་སྲིད་གཞུང་གིས་བྱ་སྤྱོད་དེར་ཁ་གཏད་འཇལ་བའི་ཐད་ནས་ལངས་ཕྱོགས་གསལ་པོར་སྟོན་དགོས་ཟེར།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལ་ཅེ་ཡིས་ཚེས་བཅུ་དགུ་ཉིན་ཨ་མེ་རི་ཁ་དང་དབྱིན་ཇི། དབྱི་ཐ་ལི། ཨར་ཅི་རི་ཡ་དང་ཐུར་ཁེ་བཅས་ཀྱི་མགོ་ཁྲིད་པར་འཕྲིན་ཡིག་བཏང་ནས། རྒྱལ་ཁབ་ལྔས་ལི་པི་ཡའི་བར་དུ་བཀོད་པའི་བདེ་འཇགས་མཉམ་ལས་གྲོས་ཆོད་གཞིར་བཟུང་ནས། ཁྲིམས་འགལ་དྲག་ཆས་རྩ་འཛུགས་གང་རུང་གིས་ཏི་ལེ་པོ་ལེ་ལ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཨོར་ཐ་ཀི་སི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཨ་མེ་རི་ཁས་དམག་དོན་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཏོན་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ལི་པི་ཡའི་རྒྱལ་དམངས་དམག་གིས་ལི་པི་ཡའི་གྲོང་ཁྱེར་ཆེན་པོ་གསུམ་པ་མུས་སུའུ་ལཱ་ཐ་ལ་དཔུང་འཇུག་བྱེད་པའི་འཇིགས་སྣང་བསླངས་པར་ཡང་དོ་སྣང་བྱེད་བཞིན་ཡོད་ཟེར།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པར། ལི་པི་ཡའི་རྒྱལ་དམངས་དམག་དཔུང་གིས་ཏི་ལེ་པོ་ལེ་ལ་དམག་དོན་འགུལ་སྐྱོད་སྤེལ་ནས། གྲོང་ཁྱེར་དེ་ཚོད་འཛིན་བྱས་ཡོད་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་དང་དམག་འཁྲུག་བརྒྱབ་སྟེ། མིག་སྔའི་བར་མི་སྟོང་ཕྲག་ཤི་རྨས་བཟོས་པ་དང་། མི་སེར་ཁྲི་ཕྲག་གནས་གཞན་དུ་འཁྱམས་དགོས་པར་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།