ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་འཇོག་པའི་ཚབས་སྔར་ལས་ཇེ་ཆེར་གཏོང་སྲིད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲ་མུའུ་ཧ་ཉི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་ཕྱོགས་ཀྱིས་འབྲེལ་ཡོད་དམ་བཅའ་ལག་བསྟར་བྱེད་མ་ཐུབ་ན། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་འཇོག་པའི་ཚབས་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཧྲ་མུའུ་ཧ་ཉི་ཡིས་ཉིན་དེར་དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་གཅིག་པུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་རྗེས། ཡོ་རོབ་གླིང་ཕྱོགས་ཀྱི་གྲོས་ཆོད་བཀོད་པའི་ཕྱོགས་གསུམ་གྱིས་གྲོས་ཆོད་ལ་སྲུང་སྐྱོབ་དང་དབྱི་ལང་གི་ཁེ་ཕན་ལ་ཁག་ཐེག་བྱེད་རྒྱུའི་དམ་བཅས་ཡོད་ན་ཡང་། མིག་སྔར་དེ་དག་གིས་དམ་བཅའ་ལག་བསྟར་བྱེད་བཞིན་མེད་ཟེར།

ཁོས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་པར་གོ་ཆོད་པའི་བྱེད་ཐབས་ཅི་ཡང་སྤྱད་མེད། གལ་ཏེ་དེ་དག་གིས་འབྲེལ་ཡོད་དམ་བཅའ་ལག་བསྟར་བྱེད་མ་ཐུབ་ན། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་འཇོག་པའི་དུས་རིམ་ལྔ་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པ་དང་། དེར་མཐུད་ནས་ཨ་མེ་རི་ཁ་སྲིད་གཞུང་གིས་བསྟུད་མར་དབྱི་ལང་ལ་བཀག་སྡོམ་ནན་མོ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ཡང་བསྐྱར་སྤྱད། ཨ་མེ་རི་ཁ་ཕྱོགས་གཅིག་པུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་པར་ཁ་གཏད་འཇལ་ཆེད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པ་ནས་བཟུང་། དབྱི་ལང་སྔ་གཞུག་ཏུ་དུས་རིམ་བཞི་ལ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་རེད།

ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅུ་དགུ་ལོའི་ལོ་མགོར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་ལང་བར་དུ་ཉོ་འཚོང་རྩིས་ཞུ་རྐྱེན་སྲོལ་བཙུགས་པ་ཁྱབ་བསྒྲགས་བྱས། རྐྱེན་སྲོལ་དེའི་མིང་ཡོངས་ལ་ཉོ་འཚོང་འགྲོ་འོང་རྒྱབ་སྐྱོར་ལག་ཆ་ཟེར་བ་དང་། དེ་ནི་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་འཛམ་གླིང་ཡོངས་ཀྱི་དངུལ་རྩ་མ་ལག་མ་ཡིན་པའི་རྩིས་སྤྲོད་རྐྱེན་སྲོལ་ཞིག་ཡིན་ལ། ཡོ་རོབ་གླིང་གི་ཁེ་ལས་རྣམས་ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱེད་པ་ལས་གཡོལ་ཐུབ་པར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་དབྱི་ལང་ལ་ཉོ་འཚོང་བྱེད་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།