སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། འགད་རྫས་དྲུད་པའི་རླངས་འཁོར་ཞིག་ཉིན་དེའི་ཉིན་གུང་ལཱ་སི་ཨེ་དབྱིན་གྲོང་ཁྱེར་ཉེ་འདབས་ཀྱི་ཐེ་ལེ་ཧཱ་ལའེ་ཧྥུའུ་གྲོང་རྡལ་གྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་འགྲམ་ནས་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག ཉེ་འདབས་ཀྱི་སྡོད་དམངས་ཀྱི་ཁང་བར་གཏོར་བརླག་ཐེབས་ཡོད་ཟེར། 

སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་ཉེ་སྔོན་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས་མང་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་ཟ་ཁང་ཞིག་གི་འགྲམ་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།