ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཏིས་ཡཱ་པུའུ་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། སྔོན་ཆད་ཀྱི་སློབ་གསོའི་པུའུ་ཀྲང་ཏིས་ཡཱ་པུའུ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས་ཟེར། 

ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་སུ། ཨོ་ཨིན་དང་ལེ་པཱ་ནུན་གྱི་གྲོས་ཁང་གི་ཕྱོགས་ཁག་སོ་སོས་ཙུང་ལིའི་འདེམ་སྒུག་མི་སྣ་གསར་བར་གྲོས་མོལ་བྱས་ཤིང་། ཏིས་ཡཱ་པུའུ་ལ་གྲོས་མི་བརྒྱ་དང་ཉེར་བརྒྱད་ཁྲོད་མི་རེ་དགུ་ཡིས་མིང་འདོན་བྱས། ཨོ་ཨིན་གྱིས་དེའི་རྗེས་སུ་ཏིས་ཡཱ་པུའུ་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས་པར་མ་ཟད། ཁོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 

ཏིས་ཡཱ་པུའུ་བསྐོ་འཇོག་བྱས་རྗེས་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁས་ལེན་བྱས་དོན། ཁོས་གང་མགྱོགས་སྒོས་མང་ཚོགས་ཀྱི་རེ་བ་བསྐང་ཐུབ་པ་དང་མང་ཚོགས་ཀྱི་སེམས་བདེ་བའི་སྲིད་གཞུང་ཞིག་རྩ་འཛུགས་བྱས་ཏེ། ལེ་པཱ་ནུན་གྱི་བདེ་འཇགས་དང་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 

ཏིས་ཡཱ་པུའུ་ནི་གཅིག་སྟོང་དགུ་བརྒྱ་ང་དགུའི་ལོར་པེ་རུ་ཐི་ནས་སྐྱེས་པ་དང་། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་བཞི་ལོའི་བར་ལེ་པཱ་ནུན་གྱི་སློབ་གསོའི་པུའུ་ཀྲང་གི་འགན་ཁུར་མྱོང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།