སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་ལྔ་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་ཟ་ཁང་ཞིག་གི་འགྲམ་ནས་བྱུང་བ་དང་། འགས་གཏོར་དེ་ལས་མི་སྣ་མང་བོར་ཤི་རྨས་ཐེབས་པར་མ་ཟད། ཟ་ཁང་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། ཉེ་འཁོར་གྱི་ཁང་བ་དང་ཉེ་འདབས་ཀྱི་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། 

འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལས་མི་བཞི་རྐྱེན་ལམ་དུ་ཤོར་ཟེར། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།