ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་གླེང་སྟེགས་ཐོག་མའི་སྟེང་བསྟན་དོན། ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ཡུལ་གྱར་བའི་གནད་དོན་ཐད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་མཐུན་སྒྲིལ་དང་མཉམ་ལས་བྱ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མིག་སྔར་དྲག་ཤུགས་འཁྲུག་རྩོད་མང་བོར་སྔར་བཞིན་མཚམས་འཇོག་པའི་རེ་བ་མེད་པ་དང་། དེའི་ཁར་ནམ་ཟླའི་འགྱུར་ལྡོག་དང་། མི་གྲངས་འཕར་སྣོན། མྱུར་བའི་གྲོང་ཁྱེར་ཅན། འབྲུ་རིགས་ཉམས་ཉེན། ཆུའི་ཐོན་ཁུངས་མི་འདང་བ་སོགས་རྒྱུ་རྐྱེན་མང་བོའི་དབང་གིས་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་གནད་དོན་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་གྱར་བའི་བདེ་འཇགས་ལ་སྲུང་སྐྱོབ་དང་། ཡུལ་གྱར་བའི་ཁེ་དབང་ལ་སྲུང་སྐྱོབ། ཡུལ་གྱར་བ་འབྱུང་བའི་གཞི་རྩའི་རྒྱུ་རྐྱེན་ཐག་གཅོད་བཅས་བྱེད་པའི་ཐད་ནས་ཟོལ་མེད་ནུས་ལྡན་གྱི་འགུལ་སྐྱོད་སྤེལ་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་བསྟན་དོན། ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་གནད་དོན་གྱི་མདུན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཡུལ་གྱར་བ་མང་ཆེ་བ་བསྡུ་ལེན་བྱེད་པའི་ལས་འགན་ཁུར་དུ་བླངས་ཡོད་པ་དང་། ཐོན་ཁུངས་སྔར་ལས་མོད་པའི་དར་རྒྱས་རྒྱལ་ཁབ་དག་གིས་དོན་དེར་སེམས་ཁུར་ཆེར་མི་བྱེད་པ་རེད། མི་ལ་ལས་ཡུལ་གྱར་བར་བདུད་འདྲེ་ལྟ་བུའི་དྲིལ་སྒྲོག་བྱས་པ་ད་ང། ཆེས་མཐར་གནས་ཅན་དང་ཆེས་ཉམ་ཞན་གྱི་མི་ཚོགས་དེ་བེད་སྤྱད་ནས་ཆབ་སྲིད་མ་རྩ་ལེན་བཞིན་པ་དག་ནི་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། གནད་དོན་སྔར་ལས་ཐག་གཅོད་བྱེད་དཀའ་བར་གྱུར་ཡོད་ཟེར། 

ཚོགས་ཡུན་ཉིན་གསུམ་ཡིན་པའི་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་གླེང་སྟེགས་ཐོག་མ་དེ་ཚེས་བཅུ་དྲུག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ཡི་ཝན་གོ་ཕོ་བྲང་ནས་སྤེལ་མགོ་བརྩམས། དེའི་དམིགས་ཡུལ་ནི་བློ་སྤོབས་ཆེན་མོའི་གསར་གཏོད་ཀྱི་ཐབས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་ཚོགས་ཁག་དང་དེ་དག་བསྡུ་ལེན་བྱེད་པའི་རྒྱལ་ཁབ་དང་སྡོད་ཁུལ་གྱི་ཆེད་དུ་དུས་ཡུན་རིང་བོའི་རྒྱལ་སྐྱོར་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་པའི་ཆེད་རེད། རྒྱལ་ཁབ་སོ་སོའི་ཆབ་སྲིད་མགོ་ཁྲིད་པ་དང་། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་དཔོན་རིགས། མཁས་པ། ཡུལ་གྱར་བའི་འཐུས་མི་སོགས་མི་སྟོང་གསུམ་ལྷག་གླེང་སྟེགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།