ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་དང་སོ་ཏི་ཨ་རབ་ཀྱི་གྲོས་མོལ་ལས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་བ་དང་ཁཱ་ཐར་གྱིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་རེ་བར་བསམ་བློ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་གསར་འགོད་པར་བཤད་རྒྱུར། ཁཱ་ཐར་དང་སོ་ཏི་ཨ་རབ་ཀྱིས་ཉེ་སྔོན་སྤེལ་བའི་གྲོས་མོལ་ལ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་བ་དང་། ཁཱ་ཐར་ཕྱོགས་ཀྱིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་བཏོན་པའི་རེ་བར་ཞིབ་འཇུག་བྱེད་འདོད་ཡོད་ཟེར། 

མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། ང་ཚོས་འབྲེལ་འདྲིས་མི་བྱེད་པའི་རྣམ་པ་གཏོར་ནས་སོ་ཏི་ཨ་རབ་དང་འབྲེལ་འདྲིས་བྱེད་བཞིན་ཡོད། ང་ཚོས་རྒྱལ་ཁབ་དེ་དག་གི་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ། དེ་དག་གི་རེ་འདོད་ལ་ཞིབ་འཇུག་དང་དཔྱད་འཇོག་བྱེད་འདོད་ཡོད་པར་མ་ཟད། ཕྱིན་ཆད་ཉམས་ཉེན་གཞན་པ་འབྱུང་བར་སྔོན་འགོག་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་བྱ་རྒྱུ་ཡིན་ཟེར། 

སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པར་མ་ཟད་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། 

ཁཱ་ཐར་དང་རྒྱལ་ཁབ་བཞིའི་བར་གྱི་འབྲེལ་བ་ཉེ་སྔོན་མངོན་གསལ་གྱིས་ཞི་འཇགས་སུ་འགྲོ་བཞིན་ཡོད། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ཚེས་བཅུ་ཉིན་སོ་ཏི་ཨ་རབ་ནས་སྤེལ་བའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་སྐབས་བཞི་བཅུ་བར་ཞུགས་པ་རེད། དེ་ནི་འབྲེལ་ཐག་ཆད་པའི་ཉམས་ཉེན་བྱུང་ནས་ལོ་གཉིས་འགོར་བའི་རིང་མཐོ་རིམ་གྲོས་ཚོགས་དེར་ཞུགས་པའི་ཁཱ་ཐར་གྱི་ཆེས་མཐོ་བའི་དཔོན་རིགས་ཡིན་པ་རེད། 

ཁཱ་ཐར་གྱིས་དེའི་སྔོན་རེ་བ་དེ་དག་དང་ལེན་བྱེད་པར་ཁས་ལེན་མ་བྱས། མུའུ་ཧན་མའོ་ཏི་ཡིས་ཚེས་བཅུ་བར་སོ་ཏི་ཨ་རབ་དུ་འཚམས་འདྲི་བྱེད་སྐབས་ཁཱ་ཐར་དང་མུའུ་སི་ལིན་སྤུན་ཟླའི་ཚོགས་པས་ཐད་ཀར་གྲོས་མོལ་བྱས་པ་ཁས་ལེན་མ་བྱས། དེ་ད་རུང་བཤད་རྒྱུར། འབྲེལ་ཐད་ཆད་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐད་ནས་ཐུར་ཁེའི་བར་གྱི་འབྲེལ་བ་བསྒྱུར་མི་སྲིད་ཟེར། ཁཱ་ཐར་ལ་འབྲེལ་ཐག་བཅད་ནས་བཀག་སྡོམ་ཐེབས་རྗེས་ཐུར་ཁེའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་བ་དང་། ཐུར་ཁེ་ཡིས་ཁཱ་ཐར་ལ་དམག་དཔུང་དང་སྒྲིག་ཆས། ཟས་རིགས། འཐུང་ཆུ་སོགས་མཁོ་འདོན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།