ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་གྲོས་མོལ་ལ་བརྟེན་ནས་ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་པའི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་དྲུག་ཉིན་ཁ་པར་བརྒྱུད་དེ། ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་པའི་བདེ་འཇགས་དང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་པའི་གན་རྒྱའི་ཡུན་ཚད་ལོངས་ལ་ཉེ་བ་དང་། དེའི་ཞོར་དུ་ཨུ་རུ་སིའི་པའོ་ལོ་ཏིས་མཚོ་ཞབས་བརྒྱུད་དེ་འཇར་མན་དུ་འདྲེན་པའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི་ལག་བསྟར་བྱེད་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་པའི་བདེ་འཇགས་གནད་དོན་ལ་ཁག་ཐེག་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ད་རུང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ལ་གྲོས་བསྡུར་བྱས། ཁོ་ཚོས་གཅིག་གྱུར་སྒོས་བལྟས་ན། ཉེ་སྔོན་ཧྥ་རན་སིའི་ཕཱ་རེ་སི་ནས་སྤེལ་བའི་ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་ཀྱི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་མེན་སི་ཁིའི་གྲོས་མཐུན་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཡིག་ཆ་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་བསྐྱར་སྒྲོག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།