ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧཱ་ཏིས་ཨར་གྱིས་མཱ་ལེ་ཞི་ཡཱའི་ཙུང་ལིའི་འགན་མུ་མཐུད་དུ་ཁུར་བར་བརྩོན་ལེན་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་ཙུང་ལི་མཱ་ཧཱ་ཏིས་ཨར་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཁོས་ཉིས་སྟོང་ཉི་ཤུ་ལོའི་རྗེས་སུ་མུ་མཐུད་དུ་སྲིད་འཛིན་པར་བརྩོན་ལེན་བྱེད་ངེས་ཡིན་ཟེར། ཉིན་བཞིའི་ཡར་སྔོན་དུ། མཱ་ཧཱ་ཏིས་ཨར་གྱིས་རང་ཉིད་ཀྱིས་གཏན་འཁེལ་བྱས་པའི་རྒྱུན་འཛིན་པ་ཨན་ཝ་ཨར་ལ་ལས་འགན་ཁུར་དུ་འཇུག་སྲིད་པ་ཁས་ལེན་བྱས་མྱོང་། 

ལུའུ་ཐིག་གསར་འགྱུར་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཁཱ་ཐཱ་ཨར་གྱི་ཏའོ་ཧཱའི་གླེང་སྟེགས་སྟེང་ཁོས་ཉིས་སྟོང་ཉི་ཤུ་ལོར་ལས་འགན་སྐྱུར་མིན་འདྲི་སྐབས། འཛམ་གླིང་སྟེང་ལོ་ན་ཆེས་རྒན་པའི་ཙུང་ལི་དེས་བཤད་རྒྱུར། རང་ཉིད་ཀྱིས་སྐབས་སྔོན་མའི་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་མ་བྱས་གོང་བསྐྱུར་ཡོད་པའི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱེད་འདོད་ཡོད་ཟེར། མཱ་ཧཱ་ཏིས་ཨར་གྱིས་བཤད་རྒྱུར། སྐབས་སྔོན་མའི་སྲིད་གཞུང་གིས་བསྐྱུར་བའི་གནད་དོན་གལ་ཆེན་རེ་འགའ་ཐག་གཅོད་བྱས་ན་ལས་འགན་བསྐྱུར་སྲིད་པར་ཁས་ལེན་བྱས་པར་མ་ཟད། མགོ་ཁྲིད་དབང་ཆ་དེ་མནའ་འབྲེལ་གྱིས་བསྐོ་འཇོག་བྱས་པའི་འདེམ་སྒུག་མི་སྣར་སྤྲོད་ངེས་ཡིན་ཟེར་ཡང་། ལོ་གོ་བཞི་ཡིན་པའི་མཱ་ཧཱ་ཏིས་ཨར་གྱིས་ཁོས་དུས་ནམ་ཞིག་ལ་ལས་འགན་བསྐྱུར་རྩིས་ཡོད་པ་གསལ་བོར་བརྗོད་མེད། 

ཨན་ཝ་ཨར་གྱིས་ཙུང་ལིའི་ལས་འགན་ཁུར་བའི་རྒྱུན་འཛིན་པ་ཆེས་ལེགས་པོ་ཡིན་མིན་དང་ཨན་ཝ་ཨར་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་མེད་འདྲི་སྐབས། མཱ་ཧཱ་ཏིས་ཨར་གྱིས་བཤད་རྒྱུར། སྔོན་ཆད་ཀྱི་གནས་ཚུལ་མི་ལེགས་པའི་དབང་གིས་སུ་ཞིག་ཆེས་ལེགས་པོ་ཡིན་པར་ཁག་ཐེག་བྱེད་དཀའ་ཟེར། མཱ་ཧཱ་ཏིས་ཨར་གྱིས་བསྟན་དོན། རང་ཉིད་ཀྱིས་སྔོན་ཆད་རྒྱུན་འཛིན་པ་གཏན་འཁེལ་བྱས་ཡོད་ཀྱང་། ཁོ་ཚོས་ལས་འགན་ཁུར་རྗེས་དོན་དག་མི་འདྲ་བ་བསྒྲུབ་སྲིད་ཟེར། 

མཱ་ཧཱ་ཏིས་ཨར་གྱིས་སྔོན་ཆད་རང་ཉིད་ནི་བར་བརྒལ་ཙུང་ལི་ཡིན་པར་བསྟན་པ་དང་། ཙུང་ལིའི་དབང་ཆ་དེ་ཨན་ཝ་ཨར་ལ་བརྒྱུད་སྤྲོད་བྱེད་སྲིད་པར་ཁས་ལེན་བྱས་མྱོང་། ཨན་ཝ་ཨར་ལ་མི་ཁ་མང་བོ་འཁོར་ཡོད་ཀྱང་། ཟླ་འདིའི་ཚེས་བཅུ་ཉིན་མཱ་ཧཱ་ཏིས་ཨར་གྱིས་སྔར་བཞིན་ཨན་ཝ་ཨར་ལ་དབང་ཆ་སྤྲོད་རྒྱུའི་ཚུལ་བསྟན་པ་དང་། དབང་ཆ་སྤྲོད་པའི་དུས་ཚོད་ནི་ཉིས་སྟོང་ཉི་ཤུ་ལོར་མཱ་ལེ་ཞི་ཡཱ་ཡིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་བྱས་རྗེས་ཡིན་སྲིད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།