ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་སྲིད་གཞུང་གིས་འབྲེལ་ཡོད་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་མི་གྲངས་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། སྲིད་གཞུང་གིས་ད་ཡོད་ཀྱི་བྱིས་པ་སྐྱེས་པར་སྐུལ་མ་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། མི་གྲངས་ཀྱི་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཏཱ་ཐན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིའི་ད་ཡོད་ཀྱི་བྱིས་པ་སྐྱེས་པར་སྐུལ་མ་གཏོང་བའི་བྱེད་ཐབས་དེས་མ་འོངས་པའི་མི་གྲངས་གནས་བབ་ཐད་ཡིད་ཆེས་ངེས་ཅན་ལྡན་པར་བྱས་ཡོད། མིག་སྔར་ཨུ་རུ་སི་ཡིས་ཐོག་མར་བྱིས་པ་སྐྱེས་པ་དང་ཐེངས་གཉིས་པར་བྱིས་པ་སྐྱེས་པའི་ཁ་གསབ་མ་དངུལ་ཇེ་མཐོར་བཏང་ཡོད་པ་དང་། བྱིས་པ་མང་བོ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པའི་འཆར་གཞིའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་ཡོད་པར་མ་ཟད། རྒྱུན་ཆད་མེད་པར་བྱིས་པ་སྐྱེས་པར་ཁ་གསབ་སྟེར་བའི་ཁེབས་ཚད་ཇེ་ཆེར་གཏོང་བཞིན་ཡོད། བྱེད་ཐབས་དེ་དག་རྒྱལ་དམངས་ཀྱི་བྱིས་པ་སྐྱེས་པའི་བརྩོན་སེམས་ཇེ་ཆེར་གཏོང་བར་ཕན་ཐོགས་ཡོད་ལ། ཨུ་རུ་སི་ཡིས་མ་འོངས་པར་མུ་མཐུད་དུ་བྱིས་པ་སྐྱེས་པར་སྐུལ་མ་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་སྙན་ཞུ་སྤེལ་ཏེ། ད་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་བར། ཨུ་རུ་སིའི་རྒྱལ་ཡོངས་ཀྱི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་འབུམ་བདུན་ཡོད་པ་དང་། ད་ལོའི་ལོ་མགོ་དང་བསྡུར་ན་མི་ཁྲི་བཞི་དང་སྟོང་གསུམ་བདུན་བརྒྱ་ཇེ་ཉུང་དུ་སོང་ཡོད། ད་ལོའི་སྔོན་གྱི་ཟླ་ངོ་དགུའི་རིང་། རྒྱལ་ཡོངས་ནས་ཚེ་ལས་འདས་པའི་མི་གྲངས་དེ་གསར་དུ་སྐྱེས་པའི་མི་གྲངས་ལས་འབུམ་གཉིས་དང་ཁྲི་ལྔ་སྟོང་དགུ་དྲུག་བརྒྱ་ལྷག་གིས་མང་ཡང་། ཕྱི་རྒྱལ་གྱི་གནས་སྤོར་སྡོད་དམངས་ཀྱིས་ཨུ་རུ་སིའི་མི་གྲངས་ཀྱི་གྲུབ་ཚུལ་ལ་ཁ་གསབ་ངེས་ཅན་བྱས་ཡོད་ཟེར། 

དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་དཀྱིལ་ནས་བཟུང་། ཨུ་རུ་སིའི་མི་གྲངས་བསྟུད་མར་ལོ་མང་བོའི་རིང་ལ་ཇེ་དམའ་རུ་སོང་བ་དང་། དོན་དེའི་ཆེད་དུ་ཨུ་རུ་སིའི་སྲིད་གཞུང་གིས་བྱིས་པ་སྐྱེས་པར་སྐུལ་མ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་མི་གྲངས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། མི་གྲངས་འཕར་སྣོན་གྱི་གནས་བབ་སྔར་བཞིན་དེ་འདྲ་བཟང་རྒྱུ་མི་འདུག་ལ། ཨུ་རུ་སིའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།