ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་དམག་དོན་ཚོད་འཛིན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་ཉིན་ཝ་ཧྲིན་ཐོན་དུ་འཚམས་འདྲི་བྱས་པ་དང་། སོ་སོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་གཉིས་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་། དམག་དོན་ཚོད་འཛིན། ཝུའུ་ཁི་ལན་གྱི་གནད་དོན། སི་རི་ཡཱའི་གནད་དོན་སོགས་ལ་གྲོས་བསྡུར་བྱས། 

ཕོ་བྲང་དཀར་པོས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་ཨུ་རུ་སི་ཡིས་ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཐེ་གཏོགས་བྱ་མི་རུང་བའི་ཉེན་བརྡ་བཏང་བར་མ་ཟད། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱ་དགོས་པའི་སྐུལ་མ་བཏང་། ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཨུ་རུ་སིའི་བར་འབྲེལ་འདྲིས་བྱས་ཏེ་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱ་འདོད་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོ་དང་ཐི་ལིང་ཕུའུ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་དང་འབྲེལ་བའི་ནང་དོན་གླེང་མེད་ཟེར། 

ཉིན་དེའི་སྔ་དྲོར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཕིན་ཕའེ་ཨོ་གཉིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་དམག་དོན་ཚོད་འཛིན་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པ་མེད་པ་གཏོང་བ། ཝུའུ་ཁི་ལན་གྱི་གནད་དོན། སི་རི་ཡཱའི་གནད་དོན། ཝེ་ནེ་ཙུའེ་ལཱའི་གནད་དོན་སོགས་ལ་གྲོས་བསྡུར་བྱས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁོས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ནུས་ལྡན་ཡུན་ཚད་ཇེ་རིང་དུ་གཏོང་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།