ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སི་ཝང་རྒྱུན་མཐུད་ཞི་བདེ་དང་འཕེལ་རྒྱས་གླེང་སྟེགས་ཨེ་ཅིབ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སི་ཝང་རྒྱུན་མཐུད་ཞི་བདེ་དང་འཕེལ་རྒྱས་གླེང་སྟེགས་ཚེས་བཅུ་གཅིག་ཉིན་ཨེ་ཅིབ་ལྷོ་ཕྱོགས་ཀྱི་ལོ་རྒྱུས་གནའ་མཁར་ཨ་སི་ཝང་ནས་སྤེལ་མགོ་བརྩམས། ཚོགས་ཡུན་ཉིན་གཉིས་ཡིན་པའི་གླེང་སྟེགས་ནས་གཙོ་བོ་ཨ་ཧྥེ་རི་ཁ་གླིང་གིས་ཇི་ལྟར་འཇིགས་སྐུལ་རིང་ལུགས་དང་ནམ་ཟླའི་འགྱུར་ལྡོག ས་ཁུལ་གྱི་འཁྲུག་རྩོད་བཅས་ཐག་གཅོད་བྱེད་པའི་གྲོས་གཞི་ལ་གྲོས་བསྡུར་བྱས། 

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་། སེ་ནེ་ཀལ་གྱི་ཙུང་ཐུང་མཱ་ཅི་སཱ་ལེ། ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི། ཀྲ་ཏིའི་ཙུང་ཐུང་ཏའེ་པུས་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི་རེ་འགའ་གླེང་སྟེགས་ལ་ཞུགས། 

སེ་ཞི་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་བར་དུས་ཡུན་རིང་ཞིང་ཕན་ནུས་ལྡན་པའི་བརྗེ་རེས་སྟེགས་བུ་ཞིག་བཙུགས་ཏེ། ལག་བསྟར་བྱས་ཆོག་པའི་སྲིད་ཇུས་བཏོན་ནས་ཨ་ཧྥེ་རི་ཁ་གླིང་གི་མདུན་དུ་ལྷགས་པའི་དབུལ་ཕོངས་དང་འཇིགས་སྐུལ་རིང་ལུགས། ས་གནས་འཁྲུག་རྩོད་སོགས་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ཆེད་ཡིན་ཟེར། 

དེའི་རྗེས་ཀྱི་བརྗོད་སྙིང་གླེང་སྟེགས་སྐབས། ཏའེ་པུས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་པའི་སློབ་གསོ་དང་ལས་ཞུགས་གནད་སར་བཟུང་ནས་དོ་སྣང་བྱས་ཏེ། ཁོ་ཚོར་འཇིགས་སྐུལ་རྩ་འཛུགས་ཀྱི་འཇིགས་སྐུལ་ཐེབས་ནས་བེད་སྤྱོད་བྱེད་པར་སྔོན་འགོག་བྱ་དགོས་པའི་རེ་བ་བཏོན། པུའུ་ཧཱ་ལི་ཡིས་ནམ་ཟླའི་འགྱུར་ལྡོག་ལས་ཨ་ཧྥེ་རི་ཁ་གླིང་གི་སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཐེབས་པའི་ཤུགས་རྐྱེན་ལ་དོ་སྣང་བྱ་དགོས་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཁོར་ཡུག་གི་འགྲན་རྩོད་ཐག་གཅོད་བྱ་དགོས་པའི་གྲོས་གཞི་བཏོན། 

ཨ་སི་ཝང་གླེང་སྟེགས་ལ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨེ་ཅིབ་འབྲེལ་ཡོད་སྡེ་ཁག་གིས་དོ་དམ་བྱེད་བཞིན་ཡོད་ཅིང་། ཨ་སི་ཝང་གླེང་སྟེགས་ཀྱི་ལག་བསྟར་དྲུང་ཡིག་ཆེན་མོ་སི་ཝེ་ལན་མུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་ནས་འབྲེལ་ཡོད་ཟབ་ཞུགས་མཁན་གྱིས་ལག་རྩལ་དང་དངུལ་ལོར་ཁྱབ་ཁོངས་ཀྱི་གསར་གཏོད་བྱེད་ཐབས་སྤྱད་དེ་ཨ་ཧྥེ་རི་ཁ་གླིང་གི་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།