ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་གལ་ཏེ་ཨ་མེ་རི་ཁས་ཐུར་ཁེ་ལ་བཀག་སྡོམ་བྱས་ན་ཨ་མེ་རི་ཁའི་དམག་དཔུང་ཐུར་ཁེའི་དམག་དོན་རྟེན་གཞི་ནས་ཕྱིར་འཐེན་བྱ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཐུར་ཁེ་ལ་བཀག་སྡོམ་བྱས་ན། དེའི་ལན་དུ་ཐུར་ཁེ་ཡིས་ཨ་མེ་རི་ཁའི་དམག་དཔུང་ཐུར་ཁེའི་ལྷོ་ཕྱོགས་ཀྱི་དབྱིན་ཅི་ཨར་ལེ་ཁི་མཁའ་དམག་རྟེན་གཞི་ནས་ཕྱིར་འཐེན་བྱེད་པའི་རེ་བ་འདོན་རྒྱུ་ཡིན་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཐུར་ཁེ་ལ་བཀག་སྡོམ་བྱས་ན། ཐུར་ཁེ་ཡིས་ངོ་རྒོལ་གྱི་བྱེད་ཐབས་གང་རུང་སྤྱོད་པར་བསམ་བློ་གཏོང་སྲིད། དེའི་ནང་ཨ་མེ་རི་ཁའི་དམག་དཔུང་གིས་དབྱིན་ཅི་ཨར་ལེ་ཁི་མཁའ་དམག་རྟེན་གཞི་བེད་སྤྱོད་བྱེད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེ་རུ་བཙུགས་ཡོད་པའི་ཁུའུ་ལོས་ཅི་ཁིའི་ལོས་ཏཱ་ས་ཚིགས་གཏན་འགོག་བྱེད་པ་འདུས་ཡོད་ཟེར། 

ཁོས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཆོད་དོན་ལ་དོ་སྣང་མི་བྱེད་པར་ཨ་མེ་རི་ཁའི་སྲིད་གཞུང་གི་ཆོད་དོན་ལ་ལྷག་ཏུ་མཐོང་ཆེན་བྱེད་བཞིན་ཡོད། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཐུར་ཁེ་ལ་བཀག་སྡོམ་བྱས་ན་དམིགས་ཡུལ་འགྲུབ་མི་སྲིད་པ་གསལ་བོར་ཤེས་དགོས་ཟེར། 

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཉིན་དེར་རྒྱལ་སྲུང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་དེ། ཐུར་ཁེ་ཡིས་ཨུ་རུ་སིའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཉོས་པའི་ཐད་ནས་ཐུར་ཁེ་ལ་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།