ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ཧཱ་སག་སི་ཐན་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191212091017WWyI.jpg

འདི་ནི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་པར་བླངས་པའི་སྐོར་ཐེངས་བཅུ་བཞི་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་གྱི་ཡུལ་དངོས་རྣམ་པ་རེད། 

20191212091032o2hK.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་ཐུའུ་མེད་ཧི་སྐོར་ཐེངས་བཅུ་བཞི་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐོར་ཐེངས་བཅུ་བཞི་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ཚེས་བཅུ་གཅིག་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་མཇུག་སྒྲིལ་བ་དང་། གྲོས་མོལ་ནས་མུ་མཐུད་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་དབྱེ་ཏི་ལེ་པུའུ་ཡི་གནས་བབ། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་གནད་དོན་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནས་གྲོས་བསྡུར་བྱས། 

ཨུ་རུ་སི་དང་དབྱི་ལིང་། ཐུར་ཁེ། སི་རི་ཡཱ་བཅས་རྒྱལ་ཁབ་བཞིའི་སྲིད་གཞུང་གི་འཐུས་མི་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་འཐུས་མི་རེ་འགའ་གྲོས་མོལ་ལ་ཞུགས། ཅོར་ཏན་དང་དབྱི་རག ལེ་པཱ་ནུན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་འཐུས་མི་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ལྟ་ཞིབ་པའི་ཐོབ་ཐང་གིས་གྲོས་མོལ་ལ་ཞུགས། 

ཨུ་རུ་སིའི་ཙུང་ཐུང་གི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བས་སི་རི་ཡཱའི་མ་འོངས་པ་ཐག་གཅོད་བྱེད་པ་ཡིན་པས། ཕྱོགས་སོ་སོས་བསམ་བློ་གང་ལེགས་གཏོང་དགོས་པ་ལས། བསམ་བཞིན་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའམ་ཡང་ན་འགོར་འགྱངས་བྱ་མི་རུང་ཟེར།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་ཐུའུ་མེད་ཧི་ཡིས་བཤད་རྒྱུར། ཨ་སི་ཐཱ་ནཱའི་གྲོས་མོལ་སྐབས་སུ་ཁོས་མཉམ་འབྲེལ་རྒྱ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་དང་མཉམ་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་སོགས་གྲོས་གཞིར་གྲོས་བསྡུར་བྱས་ཟེར། ཁོས་བསྟན་དོན། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བར་དཀའ་ཁག་མང་བོ་ཡོད་ཀྱང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་དེར་རེ་བའི་རྣམ་འགྱུར་བཟུང་ཡོད་ཟེར། 

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གསུམ་གྱིས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་བཅས་ཀྱི་བར་འབྲེལ་འདྲིས་བྱས་ཏེ། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མི་ཐེབས་པར་མུ་མཐུད་དུ་ཕན་ནུས་ལྡན་པའི་སྒོ་ནས་བྱ་བ་སྤེལ་བར་ཁག་ཐེག་བྱ་འདོད་ཡོད། རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བར་གཏོར་བརླག་བྱེད་པ་དང་སི་རི་ཡཱའི་ཁྱིམ་མཚེས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་ཁ་བྲལ་གཡོ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་ཁ་གཡར་ནས་ཁྲིམས་འགལ་རང་སྐྱོང་ལག་བསྟར་བྱེད་པའི་བྱ་སྤྱོད་གང་རུང་དང་ལེན་བྱ་མི་སྲིད་ལ། ཁྲིམས་འགལ་གྱིས་སི་རི་ཡཱའི་རྡོ་སྣུམ་ཐོན་ཁུངས་བདག་བཟུང་དང་ཕྱིར་འཚོང་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། རྒྱལ་ཁབ་གསུམ་གྱིས་ད་རུང་དབྱི་སི་རལ་གྱིས་སི་རི་ཡཱ་ལ་དམིགས་པའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་བཏང་། 

གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་གྲོས་བསྡུས་བྱས་ཏེ། སྐོར་ཐེངས་རྗེས་མའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་དེ་སང་ལོའི་ཟླ་གསུམ་པར་སྤེལ་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།