ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གནད་དོན་གྱི་ཐག་གཅོད་འཕེལ་རིམ་དེ་ཡང་དག་པའི་ཕྱོགས་སུ་འཕེལ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་དེ་ཡང་དག་པའི་ཕྱོགས་སུ་འཕེལ་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་གྱི་གནད་དོན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། བཀག་འཇུག་བྱས་པའི་འབྲེལ་ཡོད་མི་སྣ་བརྗེ་སྤོར་བྱས་ཤིང་། ཏོན་པཱ་སི་ས་ཁུལ་གྱི་གནས་གསུམ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ལས་དོན་ཡོངས་འགྲུབ་བྱས་ཡོད། ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་སྤེལ་བ་ལས་གནད་དོན་གལ་ཆེན་མང་བོར་གྲོས་བསྡུར་བྱས་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། དེ་བས་ང་ཚོས་འཕེལ་རིམ་དེ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་བསམ་ཆོག་ཆོག་ཡིན་ཟེར། 

ཕུའུ་ཅིན་གྱིས་ཨུ་རུ་སིའི་ལངས་ཕྱོགས་གླེང་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་གང་ནུས་ཀྱིས་ད་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་མིག་སྔའི་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། མིག་སྔའི་ལས་འགན་གཙོ་བོ་ནི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཐད་ཀར་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འཛམ་གླིང་སྟེང་དུ་འཁྲུག་རྩོད་གང་རུང་ཞིག་ཐད་ཀར་གྲོས་མོལ་བྱེད་པའི་གནས་ཚུལ་འོག་ཐག་གཅོད་བྱས་པ་ཞིག་ཡོད་མི་སྲིད་ཟེར། 

ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཚེས་དགུའི་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་སྤེལ་བ་དང་། ཧྥ་རན་སི་དང་ཨུ་རུ་སི། འཇར་མན། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། དམིགས་ཡུལ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱ་རྒྱུ་དེ་ཡིན། ཉིན་དེའི་ནམ་གུང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཐུན་མོང་གསལ་སྒྲོག་སྤེལ་ཏེ། མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནི་སྔར་བཞིན་ནོའུ་མན་ཏིས་རྣམ་པའི་བྱ་བའི་རྨང་གཞི་ཡིན་པ་དང་། ཕྱོགས་སོ་སོས་མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པར་འབད་བརྩོན་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།