ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་མི་བསྡད་མེད་པའི་གནམ་གྲུས་མཁའ་འགྲུལ་འགྲིམ་འགྲུལ་ལ་གནོད་སྐྱེལ་བར་སྔོན་འགོག་བྱེད་པའི་མ་ལག་གསར་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། འཇར་མན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་འགོག་སྲུང་མ་ལག་ཅིག་གསར་སྤེལ་བྱེད་བཞིན་ཡོད་པ་དང་། དེ་མི་བསྡད་མེད་པའི་གནམ་གྲུ་གནམ་གྲུ་ཐང་གི་མཁའ་དབྱིངས་སུ་འཕུར་ནས་མཁའ་འགྲུལ་འགྲིམ་འགྲུལ་ལ་གནོད་སྐྱེལ་བར་སྔོན་འགོག་བྱེད་པའི་ཐད་བཀོལ་རྒྱུ་རེད་ཟེར། 

གསར་སྤེལ་བྱེད་བཞིན་པའི་འགོག་སྲུང་མ་ལག་ལས་གཞི་དེའི་ཚབ་མིང་ལ་གླག་རྒོད་ཅེས་སུ་འབོད་པ་དང་། གནམ་གྲུ་ཐང་གི་བར་སྣང་དུ་འཕུར་ཡོང་བའི་མི་བསྡད་མེད་པའི་གནམ་གྲུར་ཚད་འཇལ་དང་བཀག་འགོག་བྱས་ཏེ། མཁའ་འགྲུལ་འགྲིམ་འགྲུལ་ལ་གནོད་པ་མི་ཐེབས་པར་འགན་སྲུང་བྱ་ཐུབ་པ་ཡིན། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་འགྲིམ་འགྲུལ་དང་གྲངས་ལྡན་རྨང་གཞིའི་སྒྲིག་ཆས་པུའུ་ཡིས་མ་ལག་དེའི་གསར་སྤེལ་ཐད་ཡོ་སྒོར་ས་ཡ་གཉིས་དང་འབུམ་གཅིག་བཏང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་ཅུའུ་དང་ཧན་པའོ་སློབ་ཆེན། ཧན་ཧྲ་སྡེ་ཚོགས། ཧན་པའོ་གནམ་གྲུ་ཐང་བཅས་ལས་གཞིའི་གསར་སྤེལ་ནང་ཞུགས་ཡོད་པ་དང་། མ་ལག་དེ་མིག་སྔར་ཧན་པའོ་གནམ་གྲུ་ཐང་དུ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། 

བསྒྲགས་པ་ལྟར་ན། འཇར་མན་གྱིས་ཉིས་སྟོང་བཅོ་བརྒྱད་ལོར་བསྡོམས་པས་མི་བསྡད་མེད་པའི་གནམ་གྲུས་མཁའ་འགྲུལ་འགྲིམ་འགྲུལ་ལ་གནོད་སྐྱེལ་བའི་དོན་རྐྱེན་བརྒྱ་དང་ང་བརྒྱད་ཐོ་འགོད་བྱས་པ་དང་། ད་ལོའི་ལོ་སྟོད་དུ་བསྡོམས་པས་དོན་རྐྱེན་ཐེངས་བདུན་ཅུ་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།