ཀྲུང་གོ་བོད་ཀྱི་དྲ་བ།

ཅེ་ཁིའི་སྨན་ཁང་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་བྱང་ཤར་ཕྱོགས་ཀྱི་ཨུ་སི་ཐི་ལཱ་ཧྥ་གྲོང་ཁྱེར་གྱི་སློབ་ཆེན་སྨན་ཁང་དུ་ཚེས་བཅུ་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་མཁན་ཡུལ་དངོས་ནས་བྲོས་རྗེས་རང་སྲོག་བཅད་པ་རེད། 

བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ནི་ལོ་ཞེ་གཉིས་ཅན་གྱི་སྐྱེས་པའི་བཟོ་སྐྲུན་མཁན་ཞིག་ཡིན་པ་དང་། གནོད་ཐེབས་མཁན་ལ་སྐྱེས་པ་བཞི་དང་བུད་མེད་གཉིས་འདུས། གཞན་ཡང་མི་གསུམ་ལ་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་མཁན་གྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་མེ་མདའ་བླངས་ནས་འཇབ་རྒོལ་བྱས་པ་རེད་ཟེར། 

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ད་རུང་འཇབ་རྒོལ་མཁན་གྱི་དམིགས་ཡུལ་གསལ་བོར་བསྒྲགས་མེད་ཀྱང་། འཇབ་རྒོལ་མཁན་སྔོན་ཆད་ཡོད་སའི་ཀུང་ཟིའི་འགན་ཁུར་བས་བཤད་རྒྱུར། འཇབ་རྒོལ་མཁན་གྱིས་ཟླ་ཕྱེད་ཀྱི་ཡར་སྔོན་དུ་ཀུང་ཟིར་གནང་བ་ཞུས་ཡོད་པ་དང་། ཁོའི་སེམས་ཁམས་དེ་འདྲ་བཟང་རྒྱུ་མེད་ཟེར། 

དོན་རྐྱེན་བྱུང་རྗེས། ཅེ་ཁིའི་ཙུང་ལི་པཱ་པུས་ཧྲི་ཡིས་ཨེ་སོ་ནི་ཡཱ་རུ་འཚམས་འདྲིར་འགྲོ་བའི་འཆར་གཞི་རྩིས་མེད་དུ་བཏང་སྟེ་ཨིག་སི་ཐི་ལཱ་ཧྥ་རུ་སོང་། ཅེ་ཁིའི་ཉེན་རྟོག་ཕྱོགས་ཀྱིས་གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས། སྨན་ཁང་སོགས་རྒྱལ་ཡོངས་ཀྱི་ཚོགས་ར་གཙོ་བོའི་བདེ་སྲུང་བྱེད་ཐབས་ལ་ཤུགས་སྣོན་བྱས་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།