ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙི་ལན་དུ་མེ་རི་འཕྱུར་ཏེ་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་ཕོག་པ་དང་ཀྲུང་གོའི་གཞུང་ཚབ་ཁང་གིས་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1843001_191864.jpg

    པར་རིས་ཡོངས་ཁུངས། ནེའུ་ཙི་ལན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོའི་དྲ་ཚིགས་སྟེང་ནས་པར་བཅད་ལེན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ11སྟེང་། ནེའུ་ཙི་ལན་གྱི་ཧྥིན་ཧྲིན་འགག་ཁུལ་དུ་མེ་རི་འཕྱུར་བའི་གནོད་འཚེ་ཐེབས་ཤིང་། སྐབས་དེར་གླིང་ཕྲན་ཐོག་ཁྱོན་མི47ཡོད་པ་རེད། མིག་སྔར་མི5རྐྱེན་ལམ་དུ་ཤོར་བ་དང་། མི8གར་སོང་ཆ་མེད་དུ་གྱུར། མི་མང་པོ་སྨན་ཁང་དུ་བསྐྱལ་ཡོད་པ་དང་དེའི་ནང་མི3སྨན་ཁང་ནས་ཕྱིར་བུད་ཡོད་འདུག མི31གིས་སྔར་བཞིན་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་པ་རེད། ནེའུ་ཙི་ལན་ཕྱོགས་ནས་ཤེས་རྟོགས་བྱས་པ་བརྒྱུད། ཐེངས་འདིའི་གླིང་ཕྲན་གྱི་མེ་རི་འཕྱུར་བའི་གནོད་འཚེ་དེ་ཀྲུང་གོའི་སྤྱི་དམངས་དང་འབྲེལ་བ་ཡོད་པ་རེད། མིག་སྔར་ནེའུ་ཙི་ལན་གྱིས་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་ཕོག་ཡོད་པའི་ཆ་འཕྲིན་དེ་སྔར་བས་གསལ་བོར་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བཤད།

གནོད་འཚེ་ཐེབས་རྗེས་ནེའུ་ཙི་ལན་དུ་བཅའ་སྡོད་བྱེད་པའི་གཞུང་ཚབ་ཁང་གིས་འཕྲལ་དུ་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་དུ་བསྟར་ནས། གཞུང་ཚབ་ཁང་ཆེན་མོའི་ཝུའུ་ཤིས་ཙུའུ་ཀྲང་ཡིན་པའི་ཧའེ་ཐི་གླིང་ཕྲན་གྱི་མེ་རི་འཕྱུར་བའི་འཕྲལ་སྡོམ་ཚོགས་ཆུང་བཙུགས་པ་རེད། གཞུང་ཚབ་ཁང་ཆེན་མོས་ནེའུ་ཙི་ལན་ཕྱི་འབྲེལ་ཚོང་དོན་པུའུ་དང་། ཉེན་རྟོག་ཕྱོགས་ཁག དམག་ཁག རྒྱལ་ཁབ་འཕྲལ་སྡོམ་དོ་དམ་ཧྲུའུ་སོགས་སྡེ་ཚན་ཁག་དང་འབྲེལ་བ་དམ་ཟབ་ཀྱིས་གནོད་འཚེ་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ནེའུ་ཙི་ལན་ཕྱོགས་ཀྱིས་ཕན་འབྲས་ལྡན་པའི་བྱ་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་རྨས་མར་སྨན་བཅོས་དང་། གར་སོང་མ་ཤེས་པའི་མི་རྣམས་འཚོལ་ཞིབ་བྱས་པ་མ་ཟད། ཀྲུང་གོའི་ཕྱོགས་ལ་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པ་རེད།

1843002_722172.jpg

ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས9ཉིན། ནེའུ་ཙི་ལན་གྱི་ཧྥིན་ཧྲན་འགག་གླིང་ཕྲན་གྱི་མེ་རི་འཕྱུར་བའི་དུ་བ་དགུང་ལ་འཕྱུར།

གཞུང་ཚབ་ཁང་གིས་ཉེ་དུས་སུ་ནེའུ་ཙི་ལན་དུ་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་གསར་པ་དག་ལ་ཆུ་ལོག་དང་། དྲག་ཆར། མེ་རི་སོགས་རང་བྱུང་གནོད་སྐྱོན་སྔོན་འགོག་བྱས་ཏེ། རང་ངོས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། རྗེས་མར་ནེའུ་ཙི་ལན་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོས་ནུས་ཤུགས་ཡོད་རྒུས་ལས་དོན་སྲུང་སྐྱོབ་བཟང་པོར་བསྒྲུབས་ཏེ་ཀྲུང་གོའི་མི་ཡིས་ནེའུ་ཙི་ལན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྤྱོད་རྒྱུར་སྲུང་སྐྱོང་བྱ་རྒྱུ་རེད། །

ནེའུ་ཙི་ལན་བཅའ་སྡོད་གཞུང་ཚབ་ཁང་གི་ལས་དོན་སྲུང་སྐྱོང་ཁ་པར། 04-4995022(ནེའུ་ཙི་ལན་གྱི་མངའ་ཁོངས་ཕྱི་རོལ་གྱིས་ཁ་པར་རྒྱག་སྟངས་ནི0064-4-4995022ཡིན།)

ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ཆུ་ཚོད24རིང་ལས་དོན་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཁ་པར12308ཡིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།