ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕཱ་ལེ་སི་ནས་ཐུག་འཕྲད་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱིས་ཚེས་དགུའི་ཉིན་ཁས་ལེན་བྱས་དོན། ཧྥ་རན་སིའི་ཕཱ་རེ་སི་རུ་ཝུའུ་ཁི་ལན་ཉམས་ཉེན་གྱི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་བཞིན་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས། ཁེར་རྐྱང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུག་འཕྲད་བྱ་རྒྱུ་རེད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཞི་མའོ་ཧྲིན་ཁི་ཡིས་བཤད་རྒྱུར། ཙེ་ལེན་སི་ཅི་ཡིས་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས་ཁེར་རྐྱང་དུ་ཕུའུ་ཅིན་དང་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་ནུས་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཀྲང་དང་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་འགན་ཁུར་བ་གྲོས་མོལ་ལ་ཞུགས་ཏེ། ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་འདྲེན་པའི་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད་ཟེར། 

དེ་ནི་ཙེ་ལེན་སི་ཅི་ཡིས་ད་ལོའི་ཟླ་ལྔ་བར་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་ཝུའུ་ཅིན་དང་ཐུག་འཕྲད་བྱས་པ་རེད། 

མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་། ཙེ་ལེན་སི་ཅི་ཡིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ལ་ཐུག་འཕྲད་བྱ་རྒྱུ་རེད། 

ཙེ་ལེན་སི་ཅི་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་ཐེངས་མང་བོར་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱ་དགོས་པའི་ཚུལ་བསྟན་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བཀག་འཇུག་མི་སྣའི་བརྗེ་སྤོར་དང་། གྲུ་གཟིངས་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་ནས་ཡོ་རོབ་གླིང་དུ་འདྲེན་པ་སོགས་གནད་དོན་ཐད་ནས་ཐེངས་མང་བོར་ཕུའུ་ཅིན་ལ་ཁ་པར་བཏང་མྱོང་། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།