ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་གཞུང་གིས་གང་ནུས་ཀྱིས་ཕྱེད་གླིང་གི་གྲོས་མོལ་གྱི་རྣམ་པ་བཟང་བོ་སྲུང་འཛིན་བྱ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གྲོས་མོལ་གྱི་རྣམ་པ་བཟང་བོ་སྲུང་འཛིན་བྱ་རྒྱུ་ཡིན་ཟེར། 

ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ལིས་ཞང་མེན་གྱིས་ཉིན་དེའི་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་མིག་སྔའི་གནས་བབ་ཀྱི་ཛ་དྲག་རང་བཞིན་ཤེས་ཡོད་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུ་གྲོས་མོལ་ལ་བརྟེན་ནས་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་འདུན་ཡོད་པར་བསམ་ཡོད། ཧན་གོའི་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ཁྲའོ་ཞན་དང་ཨ་མེ་རི་ཁས་གྲོས་མོལ་རྣམ་པ་སྲུང་འཛིན་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཚོས་ཞན་ཀྲུའུ་ཡིས་ཉིན་དེར་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཁྲའོ་ཞན་གྱི་འགུལ་སྐྱོད་ལ་དབྱེ་ཞིབ་བྱེད་བཞིན་ཡོད་ཟེར། ཁོ་མོས་ཧན་གོ་དང་ཨ་མེ་རི་ཁའི་མིག་སྔའི་བར་གྱི་དབྱེ་ཞིབ་མཇུག་འབྲས་གསལ་བོར་བརྗོད་མེད། 

ཁྲའོ་ཞན་རྒྱལ་སྲུང་ཚན་རིག་གླིང་གི་མགྲིན་ཚབ་པས་གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་གྱིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་ནུབ་ཕྱོགས་མཚོ་ཁོངས་ཀྱི་འཁོར་སྐར་གཏོང་འཕེན་བྱེད་ས་ནས་ཧ་ཅང་གལ་འགངས་ཆེ་བའི་ཚོད་ལྟ་ཞིག་བདེ་བླག་ངང་སྤེལ་ཟེར། དེ་ལས་ཚོད་ལྟའི་བྱེ་བྲག་གི་ནང་དོན་གསལ་བོར་གླེང་མེད། 

དབྱེ་ཞིབ་མི་སྣས་བལྟས་ན། མིག་སྔར་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་བར་གྱི་ཕྱེད་གླིང་གི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐབས་ལམ་དང་བྱེད་ཐབས་ཐད་ཀྱི་འགལ་བ་ཐོག་མཐའ་བར་གསུམ་དུ་ཞི་འཇགས་སུ་གཏོང་མེད་པས། ཁྲའོ་ཞན་དང་ཨ་མེ་རི་ཁའི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་མོལ་དེར་ཁྲའོ་ཞན་ཕྱོགས་ཀྱི་རེ་སྒུག་ལྟར་དུ་ད་ལོའི་ལོ་མཇུག་གི་སྔོན་དུ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་དཀའ་ཁག་ཡོད་པ་དང་། ཇི་ལྟར་ནུས་ལྡན་བྱེད་ཐབས་སྤྱད་དེ་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་འཇགས་རྣམ་པར་སྲུང་སྐྱོབ་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།