ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་དྷི་ལེ་གསར་བའི་ཚོང་ར་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191209094312r4bH.jpg

ཟླ12པའི་ཚེས8ཉིན། རྒྱ་གར་གྱི་དྷི་ལེ་གསར་བར། རྒུད་སྐྱོབ་མི་སྣ་དག་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་འགྲོ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་དྷི་ལེ་གསར་བའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་ཞོགས་པར་དྷི་ལེ་གསར་བའི་བྱང་ཕྱོགས་ས་ཁུལ་གྱི་བརྩེགས་རིམ་བཞི་ཅན་གྱི་ཚོང་ར་ཞིག་ལ་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

མེ་གསོད་དམག་མིས་མཚམས་སྦྱོར་བྱས་པ་ལྟར་ན། ཤི་རྨས་ཐེབས་མཁན་མང་ཆེ་བ་ནི་ཐོག་ཁང་ནང་དུ་ངལ་གསོ་བྱེད་པའི་ངལ་རྩོལ་མི་སྣ་ཡིན་པ་དང་། གཙོ་བོ་ཤར་ཕྱོགས་ཀྱི་པུས་ཧཱ་ཨར་པང་ནས་ཡོང་བ་རེད་ཟེར། མེ་གསོད་མི་སྣ་འབྱོར་སྐབས་ཚོང་རའི་སྒོ་ཆེན་བརྒྱབ་ཡོད་ལ། མི་རྣམས་ཀྱིས་ཐོག་ཁང་ནང་དུ་འུར་སྒྲ་སྒྲོག་བཞིན་ཡོད། ཡུལ་དངོས་སུ་དུད་ནག་དང་དུག་ལྡན་རླངས་པས་ཁེངས་ཡོད་ཟེར། 

མེ་སྐྱོན་བསད་པ་དང་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། རྒྱུ་ལམ་དོག་པས་རྒུད་སྐྱོབ་བྱ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། 

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཉིན་དེར་བཤད་རྒྱུར། དོན་རྐྱེན་དེ་ནི་ཡིད་སྐྱོ་བ་ཞིག་ཡིན་པ་དང་། དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་མི་སྣར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་མི་ཚད་དབང་འཛིན་ལས་ཁུངས་ཀྱིས་དགོས་ངེས་ཀྱི་རོགས་རམ་གང་རུང་འདོན་སྤྲོད་བྱ་དགོས་པའི་ཚུལ་བསྟན། 

འབྲེལ་ཡོད་སྡེ་ཁག་གིས་མེ་སྐྱོན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།