ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྤྱི་རྒྱ་ལྔ་བརྒྱ་ཙམ་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་མཐའ་མཚམས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དུག་འགོག་འགུལ་སྐྱོད་སྤེལ་ཏེ། དུག་རྫས་སྤྱི་རྒྱ་ལྔ་བརྒྱ་ཙམ་རྩད་ཆོད་ཡོད་ཟེར། 

ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་བདེ་འཇགས་དམག་དཔུང་གི་དམག་སྤྱི་མའོ་ལཱ་ཧྲ་ཞེ་ཡིས་བཤད་རྒྱུར། དུག་རྫས་སྤྱི་རྒྱ་ལྔ་བརྒྱ་ཙམ་རྩད་ཆོད་པ་ལས་གཞན། ཉེན་རྟོག་ཕྱོགས་ཀྱིས་ད་རུང་དུག་རྫས་ལྐོག་འཚོང་བྱེད་མཁན་གཉིས་འཛིན་བཟུང་བྱས་པ་དང་། མཚོན་ཆ་དང་སྐྱེལ་འདྲེན་ཡོ་བྱད་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར། ཞིང་ཆེན་དེའི་བདེ་འཇགས་དམག་དཔུང་གིས་དུག་འགོག་འགུལ་སྐྱོད་ཁྲོད་དུ་བསྡོམས་པས་རིགས་སྣ་ཚོགས་ཀྱི་དུག་རྫས་ཏུན་རེ་གཉིས་ལྷག་རྩད་ཆོད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།