ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་གླེང་སྟེགས་སྐབས་བཅུ་གསུམ་པ་ཏུང་ཅིན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་གླེང་སྟེགས་སྐབས་བཅུ་གསུམ་པ་ཚེས་བརྒྱད་ཉིན་འཇར་པན་གྱི་ཏུང་ཅིན་ནས་སྤེལ། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་བསྡོམས་པས་ནུས་ཁུངས་གྲོན་ཆུང་དང་འཁོར་སྐྱོད་དཔལ་འབྱོར། སྦགས་བཙོག་བཅོས་སྐྱོང་། ཆིང་ནུས་ཁུངས། ལྷད་མེད་ལག་རྩལ་གྱི་གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་ཉེར་དྲུག་བཀོད་ཡོད། 

ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཡུང་དང་འཇར་པན་གྱི་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཝེ་ཧྲན་ཧོང་ཀྲི་གཉིས་གླེང་སྟེགས་ལ་ཞུགས་པར་མ་ཟད་མགོ་རྩོམ་པའི་གཏམ་བཤད་སྤེལ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནས་ཡོང་བའི་འཐུས་མི་བརྒྱད་བརྒྱ་ཙམ་གྱིས་ནུས་ཁུངས་གྲོན་ཆུང་དང་འཁོར་སྐྱོད་དཔལ་འབྱོར། རླངས་འཁོར་གློག་སྒུལ་ཅན་དང་རིག་ནུས་ཅན། ཆིང་ནུས་ཁུངས། དག་གཙང་གི་རྡོ་སོལ་ལག་རྩལ་དང་མེ་ཤུགས་གློག་འདོན། ཀྲུང་གོ་དང་འཇར་པན་གྱི་དུས་ཡུན་རིང་བོའི་ཉོ་ཚོང་བཅས་གྲོས་གཞི་དྲུག་གི་ཐད་ནས་བརྗེ་རེས་གྲོས་བསྡུར་བྱས། 

ཀྲང་ཡུང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་ཤིང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་དེ་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད། ཀྲུང་གོས་འཇར་པན་གྱི་ཁེ་ལས་དང་ལས་ཁུངས་དག་ཀྲུང་གོའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་ཞུགས་ཏེ། མཉམ་དུ་ལྷད་མེད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

ཀྲང་ཡུང་གིས་ད་རུང་ཕྱོགས་གཉིས་ཀྱིས་ནུས་ཁུངས་གྲོན་ཆུང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་དུ་གྲོས་གཞི་བཞི་བཏོན་ཡོད་དེ། གཅིག་ནི་སྲིད་ཇུས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གཉིས་ནི་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། གསུམ་ནི་མཉམ་དུ་རྒྱལ་སྤྱིའི་ཚོང་ར་གསར་འབྱེད་བྱེད་པ། བཞི་ནི་མི་གཞུང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་བཅས་རེད། 

ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་གླེང་སྟེགས་ནི་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་། འཇར་པན་གྱི་དཔལ་འབྱོར་ཐོན་ལས་པུའུ། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། གླེང་སྟེགས་དེ་ནི་ཉིས་སྟོང་དྲུག་ལོ་ནས་ད་ལྟའི་བར་སྐབས་བཅུ་གསུམ་སྤེལ་བ་དང་། རིམ་བསགས་ཀྱིས་མཉམ་ལས་ལས་གཞི་བཞི་བརྒྱ་ཙམ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་ཞིབ་འཇུག་ལས་ཁུངས། ས་གནས་སྲིད་གཞུང་བཅས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྟེགས་བུ་བཟང་བོ་ཞིག་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།