ཁུ་པཱའི་མགོ་ཁྲིད་པས་ཨ་མེ་རི་ཁས་ཁུ་པཱའི་རྡོ་སྣུམ་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་བཞིའི་ཉིན་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ནས་ཁུ་པཱ་རུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་དྲུག་ལ་བཀག་སྡོམ་བྱས་པ་ནི་འདྲ་མཉམ་མིན་ཞིང་གུས་མེད་ཀྱི་བྱ་སྤྱོད་ཅིག་རེད་ཟེར། 

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་རྡོ་སྣུམ་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་དྲུག་ལ་བཀག་སྡོམ་བྱས་པ་ལས་ཡང་བསྐྱར་ཁུ་པཱ་ལ་དཔུང་འཇུག་བྱས་པ་རེད། ཁུ་པཱ་ཡིས་ཨ་མེ་རི་ཁའི་འདྲ་མཉམ་མིན་ཞིང་གུས་མེད་ཀྱི་བྱ་སྤྱོད་དེར་ངོ་རྒོལ་བྱེད་པ་དང་། ཨ་མེ་རི་ཁའི་གནོན་ཤུགས་ལ་མགོ་སྒུར་མི་སྲིད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་གསུམ་ཉིན་ཝེ་ནེ་ཙུའེ་ལཱ་ནས་ཁུ་པཱ་རུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་དྲུག་ལ་བཀག་སྡོམ་བྱ་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཝེ་ནེ་ཙུའེ་ལཱ་དང་ཁུ་པཱ་ཡིས་དེའི་སྔོན་གྲུ་གཟིངས་ཀྱི་མིང་བརྗེ་སྤོར་བྱས་ནས་ཨ་མེ་རི་ཁའི་བཀག་སྡོམ་ལས་ཐར་ཐབས་བྱས་ཡོད་ཟེར། ཁུ་པཱའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། སྣུམ་འདྲུད་གྲུ་གཟིངས་དྲུག་ལས་གཅིག་ལ་ཕཱ་ནཱ་མཱའི་རྒྱལ་དར་བཀལ་ཡོད་པ་དང་། གྲུ་གཟིངས་ལྔར་ཝེ་ནེ་ཙུའེ་ལཱའི་རྒྱལ་དར་བཀལ་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།