ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱིས་སང་ལོའི་ཟླ་གཉིས་པར་སི་རི་ཡཱའི་གནད་དོན་ཐད་ནས་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། ཐུར་ཁེ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱིས་སང་ལོའི་ཟླ་གཉིས་པར་ཐུར་ཁེའི་དབྱི་སི་ཐན་པོར་གྲོང་ཁྱེར་ནས་སི་རི་ཡཱའི་གནད་དོན་ཐད་ནས་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུ་ཡིན་ཟེར། 

དབྱིན་ཇིའི་ལོན་ཏོན་ནས་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་གོ་སྐབས་བེད་སྤྱད་དེ། ཨེ་ཨར་ཏའོ་ཨན་གྱིས་ཚེས་གསུམ་ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་བཅས་དང་མཉམ་དུ་སི་རི་ཡཱའི་གནད་དོན་ཐད་ནས་ཕྱོགས་བཞིའི་གྲོས་ཚོགས་བསྡུས། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་ལོན་ཏོན་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་ཁབ་བཞི་ཡིས་ཕྱིན་ཆད་ལོ་རེར་ཉུང་མཐར་ཡང་མཐོ་རི་གྲོས་ཚོགས་ཐེངས་གཅིག་རེ་སྤེལ་བར་ཡིད་འཐད་བྱུང་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཚེས་གསུམ་ཉིན་གྱི་ཕྱོགས་བཞིའི་གྲོས་ཚོགས་ནས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། ཐུར་ཁེ་དུས་ནམ་ཞིག་ལ་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་པ་དེ་གྲོས་གཞི་གཙོ་བོར་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཞི་བདེ་མངོན་འགྱུར་མ་བྱས་གོང་ཐུར་ཁེའི་དམག་དཔུང་བཙན་བཟུང་བྱས་པའི་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཐུར་ཁེ་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་ཐེ་ལེ་ཨེ་པུའུ་ཡེ་ཏི་དང་ལཱ་སི་ཨེ་དབྱིན་ནས་ཕྱིར་འཐེན་བྱ་མི་རུང་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཚེས་གསུམ་ཉིན་སི་རི་ཡཱའི་གནས་བབ་ཀྱི་འཕེལ་རྒྱས་གསར་བའི་ཐད་ནས་གྲོས་བསྡུར་བྱས་པ་དང་། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར། 

མཱ་ཁི་ལུང་གིས་ཚེས་བཞིའི་ཉིན་ལོན་ཏོན་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་གླེང་སྐབས་བཤད་རྒྱུར། རྒྱལ་ཁབ་བཞི་ཡིས་ཐོག་མར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཡུལ་གྱར་བའི་གནད་དོན་ཐག་གཅོད་དང་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐུན་མོང་དམ་བཅའ་བསྐྱར་སྒྲོག་བྱས། ཁོས་བཤད་རྒྱུར། མཐོ་རིམ་གྲོས་ཚོགས་ནས་ཐུར་ཁེའི་གོ་ལོག་གི་གནད་དོན་རེ་འགའ་དག་འབུད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།