ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་རྒྱལ་ཚོགས་ཀྱིས་འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་རྒྱལ་ཚོགས་ཀྱིས་ཚེས་བཞིའི་ཉིན་འཇར་པན་དང་ཨ་མེ་རི་ཁའི་ཉོི་ཚོང་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དང་། བྱ་སྤྱོད་དེ་ལས་འཇར་པན་གྱིས་འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མཐུན་དང་འབྲེལ་བའི་རྒྱལ་ནང་གི་འགྲོ་ལུགས་ཡོངས་འགྲུབ་བྱས་པ་མཚོན་ཡོད། གྲོས་མཐུན་དེ་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་ངེས་རེད། 

འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས། འཇར་པན་གྱིས་རིན་ཐང་མེ་སྒོར་ཐེར་འབུམ་བདུན་ཡིན་པའི་ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་ཀྱི་སྒོ་ཁྲལ་མེད་པར་གཏོང་རྒྱུ་རེད། སྒོ་ཁྲལ་ཇེ་ཉུང་དུ་གཏོང་བའི་འབྲེལ་ཡོད་ཐོན་རྫས་ལ་སྐམས་ཤ་དང་ཕག་ཤ འོ་སྤྲི། རྒུན་ཆང་སོགས་འདུས། འཇར་པན་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཐད། མཁའ་དབུགས་སྙོམས་སྒྲིག་འཕྲུལ་ཆས་ཀྱི་ལྷུ་ལག་དང་འབར་རྫས་ཀྱི་གློག་གསོག མིག་ར་སོགས་ཀྱི་སྒོ་ཁྲལ་དེ་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས་མྱུར་མོར་མེད་པར་གཏོང་རྒྱུ་རེད། 

འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས། འཇར་པན་ཚོང་རས་ཨ་མེ་རི་ཁ་ནས་ནང་འདྲེན་བྱས་པའི་སྐམས་ཤ་དང་ཕག་ཤ་སོགས་ཟས་རིགས་ཀྱི་རིན་གོང་ཇེ་དམའ་རུ་འགྲོ་སྲིད་ཀྱང་། རིན་གོང་དམའ་བའི་ཨ་མེ་རི་ཁའི་ཐོན་རྫས་ནང་འདྲེན་བྱས་པའི་དབང་གིས་འཇར་པན་གྱི་ཞིང་བའི་ཚོང་རའི་འགྲན་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད། དེ་ལས་གཞན་ཨ་མེ་རི་ཁས་འཇར་པན་གྱི་རླངས་འཁོར་དང་འབྲེལ་ཡོད་ལྷུ་ལག་གི་སྒོ་ཁྲལ་མེད་པར་བཏང་མེད་སྟབས། འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གིས་དེ་ནི་འདྲ་མཉམ་མིན་པའི་གྲོས་མཐུན་ཅིག་ཡིན་པར་སྐྱོན་འཛུགས་བྱས་ཡོད། 

དོན་དངོས་སུ་འཇར་པན་དང་ཨ་མེ་རི་ཁའི་རླངས་འཁོར་དང་རླངས་འཁོར་གྱི་ལྷུ་ལག་དང་འབྲེལ་བའི་སྒོ་ཁྲལ་མེད་པར་གཏོང་བའི་བྱ་བར་གྲོས་མོལ་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སང་ལོའི་ཟླ་བཅུ་གཅིག་པའི་ཙུང་ཐུང་འདེམ་བསྐོའི་སྔོན་དུ་འཇར་པན་བར་སྤེལ་བའི་རླངས་འཁོར་གྱི་སྒོ་ཁྲལ་མེད་པར་གཏོང་བའི་གྲོས་མོལ་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།