ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གིས་འཁོར་སྐར་གྱི་སྐར་ཁྱིམ་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཞིའི་ཉིན་བསྟན་དོན། ཨུ་རུ་སི་ཡིས་ནམ་རྒྱུན་བར་སྣང་དམག་དོན་ཅན་ལ་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་བར་སྣང་དེ་འཐབ་རའི་ཚུལ་དུ་བཟུང་ཡོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་ངེས་པར་དུ་འཁོར་སྐར་སྐར་ཁྱིམ་དང་མེ་ཤུགས་འཕུར་མདའི་མཁའ་སྐྱོད་ཁྱབ་ཁོངས་ཧྲིལ་བོའི་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས་བྱུང་ཡོད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་སོ་ཆི་ནས་སྤེལ་བའི་ཨུ་རུ་སིའི་དམག་དོན་འཕེལ་རྒྱས་ཀྱི་རྒྱུན་སྲོལ་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཙོ་བོ་དག་གིས་སྔོན་ཐོན་གྱི་དམག་དོན་དང་སྤྱོད་སྒོ་གཉིས་ལྡན་གྱི་མཁའ་འགྲུལ་མ་ལག་གསར་སྤེལ་བྱས་ནས་དེའི་ལག་རྩལ་བྱེད་ནུས་འཐུས་ཚང་དུ་གཏོང་བཞིན་ཡོད། ཨ་མེ་རི་ཁའི་དམག་དོན་ཆབ་སྲིད་ཀྱི་མགོ་ཁྲིད་རིམ་པས་བར་སྣང་དེ་འཐབ་རའི་ཚུལ་དུ་བཟུང་ཡོད་པ་གསལ་བོར་བསྒྲགས་ཏེ། བར་སྣང་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་འཐེན་བཞིན་ཡོད། ཁྱབ་ཁོངས་དེའི་འཐབ་ཇུས་ཁྱད་སྟོབས་སྲུང་འཛིན་བྱ་ཆེད། ཨ་མེ་རི་ཁས་བར་སྣང་གི་དམག་དོན་སྟོབས་ཤུགས་གསར་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་བར་སྣང་དམག་དོན་ཅན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁའི་བྱ་སྤྱོད་དེ་ལས་ཨུ་རུ་སི་ཡིས་ངེས་པར་དུ་འཁོར་སྐར་སྐར་ཁྱིམ་དང་མེ་ཤུགས་འཕུར་མདའི་འཕུར་བསྐྱོད་ཁྱབ་ཁོངས་ཧྲིལ་བོའི་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས་བྱུང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།