ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་བར་འདུམ་བྱས་ཏེ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐག་གཅོད་བྱེད་པར་བརྩོན་ལེན་བྱ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་བར་འདུམ་བྱས་ཏེ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐག་གཅོད་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། 

པཱ་ཁུའུ་རུ་འཚམས་འདྲི་བྱེད་བཞིན་པའི་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་མཱ་མེ་ཅི་ཡཱ་ལོ་ཧྥུའུ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཨུ་རུ་སི་ཡིས་མུ་མཐུད་དུ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐད་ནས་བར་འདུམ་བྱ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ནི་སྔོན་ཆད་ཀྱི་སུའུ་ལེན་ས་ཁུལ་ནས་དུས་ཡུན་ཆེས་རིང་བོ་འགོར་བའི་འཁྲུག་རྩོད་ཅིག་ཡིན་ཀྱང་། ཨུ་རུ་སི་དང་ཨ་སེ་པེད་ཅང་ཕྱོགས་གཉིས་ཀྱིས་བལྟས་ན་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་དེར་སྔར་བཞིན་ཐག་གཅོད་བྱེད་པའི་གོ་སྐབས་ཡོད་པར་བསམ་ཡོད་ཟེར། 

ད་ལོའི་ཟླ་བཅུ་གཅིག་པར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་མགོ་འཛིན་འོག་ཏུ་སྨྱན་བྱད་ཀྱི་འཐུས་མིས་ཕན་ཚུན་འཚམས་འདྲི་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དོན་དེར་དགའ་བསུ་ཞུས་པ་དང་། ཨུ་རུ་སི་ཡིས་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་སླར་གསོ་བྱས་པར་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས། 

ཨུ་རུ་སི་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། དེ་ནི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་བརྟེན་བྱས་ཡོད་ལ། ས་ཁུལ་གྱི་སྟོབས་ཤུགས་དོ་མཉམ་ཡོང་བ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར། 

མཱ་མེ་ཅི་ཡཱ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་ནི་ཨུ་རུ་སིའི་ཀའོ་ཅཱ་སོ་ས་ཁུལ་གྱི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་ཡིན་ཞིང་། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ད་ལོའི་ལོ་མཇུག་ཏུ་མེ་སྒོར་ཐེར་འབུམ་གསུམ་ལས་བརྒལ་བའི་རེ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།