ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཟིང་འཁྲུག་སློང་བའི་བྱ་འགུལ་ལ་ཞུགས་པའི་དོགས་ཡོད་མི་སྣ་སུམ་བརྒྱ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གི་མགྲིན་ཚབ་པ་དབྱེ་སི་མེ་ལེ་ཡིས་ཚེས་གསུམ་ཉིན་ཏི་ཧེ་ལན་ནས་ཁྱབ་སྒྲོག་བྱས་དོན། དབྱི་ལིང་གི་བདེ་འཇགས་སྡེ་ཁག་གིས་ཟླ་སྔོན་མའི་ཟིང་འཁྲུག་སློབ་བའི་བྱ་འགུལ་ལ་ཞུགས་པའི་དོགས་ཡོད་མི་སྣ་སུམ་བརྒྱ་འཛིན་བཟུང་བྱས་ཡོད་ཟེར། 

དབྱེ་སི་མེ་ལེ་ཡིས་ཉིན་དེར་དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གིས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བདེ་འཇགས་སྡེ་ཁག་གིས་ཟིང་འཁྲུག་དེའི་ཁྲོད་གཏོར་བརླག་བྱ་སྤྱོད་སྤེལ་བའི་མི་སྣ་དག་ལ་ཉེས་དོན་ཞུ་གཏུག་བྱ་རྒྱུ་ཡིན་ཟེར། ཁོས་ད་རུང་ནག་ཉེས་བྱ་སྤྱོད་མེད་པའི་མི་སྣ་མྱུར་མོར་ཕྱིར་གཏོང་རྒྱུ་ཡིན་ཟེར། 

དབྱི་ལིང་སྲིད་གཞུང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་རྡོ་སྣུམ་གྱི་རིན་གོང་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དང་མཁོ་སྤྲོད་ལམ་ལུགས་གསར་བ་ལག་བསྟར་བྱས་པས་མང་ཚོགས་སྐོར་ཞིག་གིས་དེར་མ་དགའ་བའི་རྣམ་འགྱུར་བསྟན། ཚེས་བཅུ་དྲུག་ཉིན་ནས་བཟུང་དབྱི་ལིང་གི་ས་ཁུལ་མང་བོར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བར་མ་ཟད་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་ཐེབས། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཚེས་ཉེར་བདུན་ཉིན་གཏམ་བཤད་སྤེལ་ཏེ། རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་གཡོ་ཇུས་ཆེན་པོ་ཞིག་ཡིན་པར་རློམ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།