ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཨ་ཀིན་ཐིན་གྱི་ཕྱི་འབྲེལ་དཔོན་པོ་ཀི་ལོ་ཞི་ཡིས་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བར་དངོས་སུ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་གྱིས་ཚེས་གཉིས་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་རྒྱལ་སྤྱིའི་ལྟེ་གནས་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཨ་ཀིན་ཐིན་གྱི་ཕྱི་འབྲེལ་དཔོན་པོ་ཀི་ལོ་ཞི་ཡིས་ལས་ཁུངས་དེའི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བར་དངོས་སུ་ཆོག་མཆན་བཀོད། ཀི་ལོ་ཞི་ཡིས་ཚེས་གསུམ་ཉིན་ནས་ལས་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ནི་ལོ་ངོ་བཞི་ཡིན་པ་རེད། 

ཀི་ལོ་ཞི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ནུས་པ་ཉིན་རེ་བཞིན་གལ་ཆེན་དུ་འགྱུར་བཞིན་ཡོད་པས། ཁོས་ལས་ཁུངས་དེའི་མགོ་ཁྲིད་དེ་ཇི་ལྟར་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་མིག་སྔའི་འགྲན་རྩོད་ལ་དོ་སྣང་བྱ་རྒྱུ་ཡིན་ཟེར། ཀི་ལོ་ཞི་ཡིས་བསྟན་དོན། ཁོས་གསར་གཏོད་བྱེད་ཐབས་འཚོལ་ཞིབ་བྱས་ཤིང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ནང་ཁུལ་གྱི་དོ་དམ་དང་ཕྱི་ཕྱོགས་འབྲེལ་འདྲིས་བྱེད་ཐབས་ལེགས་བཅོས་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་ལ་ཕན་འབྲས་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར། 

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཡེ་ཀྲི་མུས་ཟླ་བདུན་པར་ཚེ་ལས་འདས་པ་དང་། ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་ཀི་ལོ་ཞི་ལ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་ལྔའི་ཁྲོད་ཀྱི་རྒྱལ་ཁབ་ཉེར་བཞིའི་རྒྱབ་སྐྱོར་ཐོབ་སྟེ། སྤྱི་ཁྱབ་ལས་འཛིན་པ་གསར་བར་བདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།