ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་བྱང་ཕྱོགས་ས་ཁུལ་དུ་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲི་ལིའི་རྒྱལ་ཁབ་བྲེལ་མྱུར་ལས་དོན་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་བཤད་རྒྱུར། ཀྲི་ལིའི་བྱང་ཕྱོགས་ཀྱི་ཨན་ཐའོ་ཧྥ་ཅཱ་སི་ཐཱ་ས་ཁུལ་དུ་ཚེས་གཅིག་ཉིན་གྱི་དགོང་མོར་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཡོད་ཟེར། 

ཀྲི་ལིའི་རྒྱལ་ཁབ་བྲེལ་མྱུར་ལས་དོན་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ཚེས་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། བརྩེགས་རིམ་གཉིས་ཅན་གྱི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཨན་ཐའོ་ཧྥ་ཅཱ་སི་ཐཱ་ས་ཁུལ་གྱི་ཐཱ་ཨར་ཐཱ་ཨར་ཉེ་འདབས་ཀྱི་གཞུང་ལམ་བརྒྱུད་སྐབས་གློ་བུར་དུ་ལམ་འགྲམ་གྱི་འགོག་སྲུང་ལན་ཀན་ལས་བརྒལ་ནས། ལམ་འགྲམ་གྱི་གཏིང་ཚད་ལ་རྨིད་སུམ་ཅུ་ཙམ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད། དོན་རྐྱེན་དེ་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་གཅིག་ལ་རྨས་ཕོག་ཡོད། 

ཀྲི་ལིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་སྟེང་དུ་ཧ་ལམ་འགྲུལ་བ་ལྔ་བཅུ་ཙམ་ཡོད་པ་རེད། དོན་རྐྱེན་བྱུང་ས་དེ་ཅུང་མཐའ་འཁོབ་ཀྱི་གནས་སུ་ཡོད་པ་དང་ས་བབ་ཅུང་རྙོག་འཛིང་ཡིན་ལ། བརྡ་རྟགས་ཀྱང་མེད་པས་རྒུད་སྐྱོབ་བྱ་བར་དཀའ་ཁག་བཟོས་ཡོད་པ་རེད། 

ས་དེའི་དཔོན་རིགས་ཀྱིས་བསྟན་དོན། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།