སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཞེ་ཡིས་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། དམག་ཕྱོགས་ལ་ཉིན་དེར་ལྷོ་ནུབ་ས་ཁུལ་གྱི་ཀའེ་ཏའོ་ཀྲིག་གི་སྡོད་དམངས་ཀྱི་སྙན་ཞུ་འབྱོར་ནས། ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་གྱིས་ས་ཁུལ་དེའི་སྡོད་དམངས་ལས་རྒྱུ་ནོར་བཙན་བསྡུ་བྱེད་པ་ཤེས། སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱས། འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད་སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བ་དང་། དྲག་ཆས་ཉེས་ཅན་དྲུག་བསད། 

ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས་པ་དང་། མིག་སྔར་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་དག་ས་ཁུལ་དེ་ནས་མཐར་སྐྲོད་བཏང་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།