ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་གཞིའི་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་གཞིའི་ཐད་ནས་གྲོས་མོལ་ཐེངས་གཉིས་པ་བསྡུས། ཕྱོགས་གཉིས་ཀྱིས་མཉམ་དུ་ཨ་མེ་རི་ཁས་དུས་ཡུན་རིང་བོར་ཁུ་པཱ་ལ་དཔལ་འབྱོར་དང་དངུལ་ལོར་བཀག་སྡོམ་དང་ཉོ་ཚོང་སྐྱེལ་འདྲེན་གང་འགོག་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་བཏང་། 

ཁུ་པཱའི་ཕྱི་འབྲེལ་པུའུ་ཡི་ཕྱོགས་མང་ལས་དོན་དང་རྒྱལ་སྤྱིའི་བཅས་ཁྲིམས་ལས་དོན་ཁང་གི་མགོ་བ་ལོས་ཡེ་སི་ཡིས་བསྟན་དོན། ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་པ་དེ་ཁུ་པཱ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ཨ་མེ་རི་ཁས་དུས་ཡུན་རིང་བོར་ཁུ་པཱ་ལ་དཔལ་འབྱོར་དང་དངུལ་ལོར་གྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་སྐྱོན་འཛུགས་བྱས། ཁོས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གི་བྱ་སྤྱོད་དེས་ཁུ་པཱ་རུ་ཡོད་པའི་ཡོ་རོབ་གླིང་གི་ཁེ་ལས་ཐོན་སྐྱེད་ལ་གནོད་པ་ཐེབས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་ཡོད་ཁེ་ལས། མི་སྒེར་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས་ཟེར། 

ཡོ་རོབ་གླིང་གི་ཕྱི་ཕྱོགས་འགུལ་སྐྱོད་ཞབས་ཞུ་ཅུའུ་ཡི་མའོ་ཞི་ཁོ་དང་མེ་གླིང་དབུས་མ། ཅཱ་ལེ་པུས་ས་ཁུལ་བཅས་དང་འབྲེལ་བའི་ལས་དོན་གྱི་འགན་ཁུར་བ་ཨ་ཧྥུའུ་ཧི་ཨར་ཐི་ཡིས་བསྟན་དོན། ཨ་མེ་རི་ཁས་ཁུ་པཱ་ལ་བཀག་སྡོམ་བྱས་པའི་བྱ་སྤྱོད་དེས་ཁུ་པཱའི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་ཁུ་པཱའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་རྐྱེན་ཐེབས་ཡོད་པར་མ་ཟད། ཁུ་པཱ་རུ་ཁྲིམས་མཐུན་གྱིས་བྱེད་སྒོ་སྤེལ་བཞིན་པའི་ཡོ་རོབ་གླིང་རྒྱལ་ཁབ་དང་ཁེ་ལས་དག་ཉེན་ཁའི་གནས་སུ་བསྐྱལ་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་རྒྱུན་ཆད་མེད་པར་ཁུ་པཱའི་བཀག་སྡོམ་བྱེད་ཐབས་ལ་ཤུགས་སྣོན་བྱས་པར་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། 

ཁུ་པཱ་དང་ཡོ་རོབ་གླིང་གི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་མོལ་ནི་ཕྱོགས་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་མཉམ་ལས་གྲོས་མཐུན་གྱི་སྒྲོམ་གཞིའི་འོག་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།