ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་ཡིས་གྲོས་ཁང་ལ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་དངོས་སུ་དབྱི་རག་རྒྱལ་དམངས་གྲོས་ཁང་ལ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད་པ་དང་། རྒྱལ་དམངས་གྲོས་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྲོས་ཚོགས་བསྡུས་ཏེ་དོན་དེར་གྲོས་ཞིབ་བྱ་རྒྱུ་རེད། 

དབྱི་རག་གི་ཙུང་ལིའི་མགྲིན་ཚབ་པ་ཧཱ་ཏིས་ཀྱིས་གསར་འགོད་པར་བདེན་དཔང་བྱས་དོན། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱི་ལས་ཁུར་དགོངས་ཞུའི་སྙན་ཞུ་དེ་ཉིན་དེར་རྒྱལ་དམངས་གྲོས་ཁང་ལ་སྤྲད་པ་རེད་ཟེར། 

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ནེ་ཀིའི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཁོས་རྒྱལ་དམངས་གྲོས་ཁང་ལ་ལས་ཁུར་དགོངས་ཞུ་བྱེད་པའི་གནད་དོན་དང་ལྟ་སྐྱོང་སྲིད་གཞུང་གི་འགན་འཁྲི་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཁོས་ནེ་ཀིའི་ཁོངས་མི་དག་གིས་སྲིད་གཞུང་གསར་བ་འཛུགས་རག་བར་མུ་མཐུད་དུ་བྱ་བ་བསྒྲུབ་དགོས་པའི་འབོད་སྐུལ་བཏང་། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་བསྟན་དོན། ཁོས་རྒྱལ་དམངས་གྲོས་ཁང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་ཞི་སི་ཐཱ་ནེའི་འབོད་སྐུལ་དང་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་རེ་བ་བསྐང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།