ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ར་ཀུའེ་ཡི་འདེམ་བསྐོའི་ཁྲིམས་ཁང་གིས་ལཱ་ཁཱ་ལེ་སྐབས་གསར་བའི་ཙུང་ཐུང་དུ་བདམས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ར་ཀུའེ་ཡི་འདེམ་བསྐོའི་ཁྲིམས་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་དོགས་གཞི་ཡོད་པའི་འདེམ་ཤོག་ཚང་མར་རྩིས་གསལ་བོ་བླངས་རྗེས། མི་རིགས་ཏང་གི་འདེམ་སྒུག་མི་སྣ་ལཱ་ཁཱ་ལེ་ཡི་ཆེས་མཇུག་མཐར་ཐོབ་པའི་འདེམ་ཤོག་གི་ཁ་གྲངས་དེ་རྒྱ་ཆེ་འཐབ་ཕྱོགས་ཀྱི་འདེམ་སྒུག་མི་སྣ་མཱ་ཏེན་ནེ་སི་ལས་བརྒལ་ནས། ཝུ་ར་ཀུའེ་ཡི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད་ཟེར། 

ཝུ་ར་ཀུའེ་ཡི་འདེམ་བསྐོའི་ཁྲིམས་ཁང་གིས་ཁྱབ་སྒྲོག་བྱས་པའི་མཇུག་མཐའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ལཱ་ཁཱ་ལེ་ལ་ཚེས་ཉེར་བཞིའི་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་བརྒྱད་དང་གྲངས་ཆུང་བརྒྱད་ཡིན་པ་དང་། མཱ་ཏེན་ནེ་སིའི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་གསུམ་རེད། དེ་ལས་གཞན་འདེམ་ཤོག་སྐོར་ཞིག་གིས་དབང་ཆ་བསྐྱུར་བའམ་ནུས་མེད་དུ་གྱུར་ཡོད། 

མཱ་ཏེན་ནེ་སི་ཡིས་དྲ་ཚིགས་བརྒྱུད་དེ་རང་ཉིད་ལ་འདེམ་བསྐོའི་ཁྲོད་ཕམ་ཉེས་བྱུང་བ་ཁས་ལེན་བྱས་པར་མ་ཟད། ལཱ་ཁཱ་ལེ་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།