ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གིས་གློ་བུར་དུ་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས། ཐི་ལིང་ཕུའུ་ཡིས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་འཚམས་འདྲི་བྱས་པ་དང་། ཅཱ་ནེ་དང་གྲོས་མོལ་བྱས། 

ཅཱ་ནེ་ཡིས་དྲ་ཐོག་བརྒྱུད་ནས་བཤད་རྒྱུར། གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འཐབ་འཁྲུག་ཁྲོད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གྲོས་བསྡུར་བྱས། དེའི་ནང་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བ་སོགས་འདུས། ཕྱོགས་གཉིས་ཀྱིས་བལྟས་ན། གལ་ཏེ་ཐཱ་ལེ་པན་གྱིས་ལྷག་བསམ་རྣམ་དག་གིས་ཞི་བའི་གྲོས་མཐུན་འགོད་འདོད་ན་ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ལེན་བྱ་དགོས་པར་འདོད། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་དང་། དེ་ནི་ཁོས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད་ཟེར། 

ཐི་ལིང་ཕུའུ་ཡིས་ཅཱ་ནེ་དང་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁས་ཡང་བསྐྱར་ཐཱ་ལེ་པན་བར་གྲོས་མོལ་བྱེད་མགོ་བརྩམས་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་ཐུབ་མིན་རྗེས་ནས་བལྟ་དགོས་ཟེར། 

ཐི་ལིང་ཕུའུ་ཡིས་ད་ལོའི་ཟླ་དགུ་བར་ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་དམག་མིར་འཇབ་རྒོལ་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མོལ་མཚམས་འཇོག་ཏུ་བཅུག་པ་རེད། 

ཐི་ལིང་ཕུའུ་ཡིས་ད་རུང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དཔོན་དམག་ལ་འཚམས་འདྲི་བྱས། ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་དེ་མ་འོངས་པར་མི་སྟོང་བརྒྱད་དང་དྲུག་བརྒྱར་ཇེ་ཉུང་དུ་གཏོང་བ་དང་། དེའི་རྗེས་སུ་རིམ་བཞིན་ཇེ་ཉུང་དུ་གཏོང་བའི་རེ་བ་ཡོད་ཟེར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་ཁྲི་གཅིག་དང་སྟོང་གཉིས་ཙམ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།