ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ནུས་ཁུངས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་དང་ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཐཱ་ཅི་ཁི་སི་ཐན་བཅས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་གྲོས་མོལ་སྤེལ་ཏེ། རྒྱལ་ཁབ་སོ་སོའི་བར་གྱི་ཉོ་ཚོང་བཀག་རྒྱ་མེད་པར་གཏོང་བ་དང་བཟོ་ལས་མཉམ་ལས་ལ་ཤུགས་སྣོན་པ། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་སྐྱེལ་འདྲེན་ནུས་པ་རྒྱ་བསྐྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་ལས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་དག་གིས་ཡིད་ཆེས་ལ་ཤུགས་སྣོན་བྱེད་པའི་ཐད་ཀྱི་ཆབ་སྲིད་ཀྱི་རེ་འདུན་དང་དམ་བཅའ་བརྟན་པོ་ཡོད་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་པ་དང་། སྲ་བརྟན་གྱི་མཛའ་བཤེས་ཀྱིས་ཨེ་ཤ་དབུས་མའི་རྒྱལ་ཁབ་སོ་སོས་གཉིས་ཕན་མཉམ་ལས་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར། 

གྲོས་མོལ་བྱས་རྗེས། རྒྱལ་ཁབ་ལྔའི་མགོ་ཁྲིད་པས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་རིམ་པའི་བརྗེ་རེས་དང་འབྲེལ་འདྲིས་སྲུང་འཛིན་བྱས་ནས། ཚན་རིག་དང་སློབ་གསོ། གནས་སྐོར། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

ཐེངས་རྗེས་མའི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པའི་གྲོས་མོལ་དེ་ཉིས་སྟོང་ཉི་ཤུ་ལོར་ཅིར་ཅི་སི་སི་ཐན་ནས་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།