ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་པཱ་ལཱའི་ཨ་ཅཱ་ཁན་ཆི་རྫོང་ནས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། འགྲུལ་སྐྱེལ་རླངས་འཁོར་ཞིག་གཏིང་ཚད་ལ་རྨིད་བཞི་བརྒྱ་ཡོད་པའི་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག་ཟེར། 

ཨ་ཅཱ་ཁན་ཆི་རྫོང་གི་དཔོན་རིགས་པའོ་ཏི་ཨར་གྱིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་དོན་རྐྱེན་བྱུང་ས་ནས་བེམ་པོ་བཅུ་བདུན་རྙེད་ཡོད་པ་དང་། དེའི་ནང་བྱིས་པ་འགའ་འདུས། རྨས་མ་གཅིག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། དེ་ལས་གཞན་མི་བཅུ་ལྷག་ལ་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྨས་ཕོག་ཡོད་ཟེར། 

དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བར་ཞུགས་པའི་ཉེན་རྟོག་དཔོན་པོ་སུའུ་པུས་ཏིས་ཀྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། འགྲུལ་སྐྱེལ་རླངས་འཁོར་དེ་གྲོག་རོང་དུ་ལྷུང་བའི་དབང་གིས་རྒུད་སྐྱོབ་བྱ་བར་དཀའ་ཁག་བཟོས་ཡོད་ཟེར། 

མིག་སྔར་ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་དེར་འགྲུལ་བ་ག་ཚོད་དྲུད་ཡོད་པ་གསལ་བོར་བསྒྲགས་མེད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ཅི་ཡིན་པའང་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།