ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་མང་ཚོགས་ཀྱིས་ཁྲོམ་སྐོར་འདུ་ཚོགས་བསྡུས་ཏེ་ཨ་མེ་རི་ཁས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་སྲིད་ཇུས་བསྒྱུར་བར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་མང་ཚོགས་སྟོང་ཕྲག་འགའ་ཡིས་ཚེས་ཉེར་དྲུག་ཉིན་ཁྲོམ་སྐོར་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེ་སྔོན་སྲིད་ཇུས་བཅོས་བསྒྱུར་བྱས་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མི་འཚམ་པ་མིན་པའི་བསམ་ཚུལ་བཟུང་བར་ངོ་རྒོལ་བྱས། 

ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཉིན་དེའི་སྔ་དྲོར་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ལྟེ་གནས་ཀྱི་འདུ་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཅོར་ཏན་གཙང་བོའི་ནུབ་འགྲམ་ནི་གཞན་གྱིས་བཙན་བཟུང་བྱས་པ་ཡིན་ལ། ཕཱ་ལེ་སི་ཐན་གྱི་མི་རྣམས་ལ་ད་གཟོད་ས་ཁུལ་དེར་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་པའི་དབང་ཆ་ཡོད། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་རེ་འདོད་ལ་བསམ་བློ་མ་བཏང་བར། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དང་འབྲེལ་བའི་ལངས་ཕྱོགས་བསྒྱུར་བས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཉིན་དེའི་ཉིན་གུང་། མི་སྟོང་ཕྲག་ལྷག་ཡོད་པའི་ཁྲོམ་སྐོར་རུ་དཔུང་དེ་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ལྟེ་གནས་ཀྱི་སེང་གེ་ཐང་ཆེན་ནས་མཁར་བྱང་གི་དབྱི་སི་རལ་གྱི་ཞིབ་བཤེར་ས་ཚིགས་སུ་སོང་། མི་རྣམས་ཀྱིས་ཕཱ་ལེ་སི་ཐན་གྱི་རྒྱལ་དར་མཐོན་པོར་བསྒྲེངས་ཡོད། ཁོ་ཚོས་ཞིབ་བཤེར་ས་ཚིགས་ལ་རྡོ་བས་བརྒྱབ་པ་དང་། དབྱི་སི་རལ་གྱི་དམག་མིས་ངོ་རྒོལ་མཁན་ལ་མེ་མདས་བརྒྱབ་པར་མ་ཟད་དུད་འཕྱུར་འགད་རྫས་འགས་གཏོར་བཏང་། ས་དེའི་སྨན་བཅོས་མི་སྣས་གསར་འགོད་པར་བཤད་རྒྱུར། ངོ་རྒོལ་མཁན་གཉིས་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཟེར། 

ལཱ་མུའུ་ཨན་ལཱ་ལས་གཞན་པའོ་ལེ་ཧིན་དང་ཞེ་པའོ་ལོན་སོགས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་དང་གྲོང་སྡེ་མང་བོ་ནས་ཀྱང་ཉིན་དེར་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། ངོ་རྒོལ་མཁན་དང་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱུང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།