ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་སྐབས་ཉེར་གཅིག་པ་འཇར་པན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་སྐབས་ཉེར་གཅིག་པ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་འཇར་པན་གྱི་ཅིག་ཀྲིག་བྱང་མ་གྲོང་ཁྱེར་ནས་སྤེལ། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་དང་འཇར་པན་གྱི་ཁོར་ཡུག་བློན་ཆེན་ཞའོ་ཆོན་ཅིན་ཚི་ལིང་། ཧན་གོའི་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཀྲའོ་མེན་ལའེ་བཅས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་རྒྱལ་ཁབ་རང་རང་གི་ཁོར་ཡུག་སྲིད་ཇུས་དང་བླངས་པའི་གྲུབ་འབྲས་གསར་བའི་ཐད་ནས་བརྗེ་རེས་བྱས་པར་མ་ཟད། ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

གྲོས་ཚོགས་ནས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་སྐབས་ཉེར་གཅིག་པའི་མཉམ་འབྲེལ་སྤྱི་སྒྲོག་ལ་གྲོས་འཆམ་བྱུང་སྟེ་གྲོས་མཐུན་བཀོད། 

གྲོས་ཚོགས་མ་བསྡུས་གོང་། ལིས་ཀན་ཅེ་ཡིས་སོ་སོར་ཞའོ་ཆོན་ཅིན་ཚི་ལིང་དང་ཀྲའོ་མེན་ལའེ་གཉིས་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཀྲུང་གོ་དང་ཧན་གོའི་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བ་རེད། 

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་ནི་གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོར་སྤེལ་མགོ་བརྩམས་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པ་དང་། ཐུན་མོང་གི་མདུན་དུ་ལྷགས་པའི་ས་ཁོངས་ཀྱི་ཁོར་ཡུག་གནད་དོན་ལ་གྲོས་བསྡུར་དང་ཐག་གཅོད་བྱས་ཏེ། ས་ཁུལ་རང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། གྲོས་ཚོགས་དེ་ལོ་རེར་ཐེངས་རེ་སྤེལ་བ་དང་རྒྱལ་ཁབ་གསུམ་ནས་རེས་མོས་བཞིན་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།