ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཨ་ལེ་ཕའོ་གྲོང་ཁྱེར་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་སྡོད་དམངས་འདུས་སྡོད་ཁུལ་དུ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སོ་གཅིག་ལ་རྨས་ཕོག་ཡོད་ཟེར། 

ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་ཨ་ལེ་ཕའོ་གྲོང་ཁྱེར་གྱི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་སྲང་ལམ་མང་བོར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སོ་གཅིག་ལ་རྨས་ཕོག་ཡོད། དེ་མིན་སྡོད་དམངས་ཀྱི་ཁང་བ་སྐོར་ཞིག་དང་ཚོང་ཁང་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། ཡིན་ཡང་བསྒྲགས་པའི་གནས་ཚུལ་ལས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་གང་གིས་འཇབ་རྒོལ་བྱས་པ་གསལ་བོར་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ཨ་ལེ་ཕའོ་གྲོང་ཁྱེར་ནུབ་ངོས་ཀྱི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་དེའི་སྔོན་ཐེངས་མང་བོར་ཨ་ལེ་ཕའོ་གྲོང་ཁྱེར་དང་ཉེ་འདབས་ཀྱི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་སྡེ་བ་དང་གྲོང་རྡལ་མང་བོར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་མེ་སྒྱོགས་ཀྱི་འཇབ་རྒོལ་ལས་མི་བཅུ་ཕྲག་འགར་ཤི་རྨས་ཐེབས་ཡོད་པ་དང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ད་རུང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་མཚོན་ཆའི་མཛོད་ཁང་ཞིག་ལ་འགས་གཏོར་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།