ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་དབྱི་ལིང་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམིགས་འབེན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་སི་རི་ཡའི་མངའ་ཁོངས་སུ་ཡོད་པའི་དབྱི་ལིང་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམིགས་འབེན་མང་བོར་གཞི་རྒྱ་ཆེ་བའི་འགས་གཏོར་བཏང་། སི་རི་ཡཱའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་དམག་དཔུང་གིས་དབྱི་སི་རལ་གྱི་འཕུར་མདའ་མང་ཆེ་བ་བཀག་པ་དང་། མི་སེར་དཀྱིས་མ་གཉིས་རྐྱེན་ལམ་དུ་ཤོར། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཕྱི་རྒྱལ་འགུལ་སྐྱོད་ཡན་ལག་རུ་ཁག་ལྷ་མཁར་སྟོང་ཤོག་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་བཅུ་ཕྲག་འགའ་ལ་བར་སྣང་འཇབ་རྒོལ་བྱས། དེའི་ནང་འཕུར་མདའི་གཏོང་འཕེན་བྱེད་ས་དང་བཀོད་འདོམ་ལྟེ་གནས། དྲག་ཆས་མཛོད་ཁང་། དམག་དོན་རྟེན་གཞི་སོགས་འདུས་ཟེར། 

དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ནི་ལྷ་མཁར་སྟོང་ཤོག་གིས་སི་རི་ཡཱ་ནས་དབྱི་སི་རལ་ཏུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་ཡིན་ཟེར། དབྱི་སི་རལ་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཀི་ལན་མཐོ་སྒང་ནས་མེ་ཤུགས་འཕུར་མདའ་བཞི་བཀག་པ་རེད། 

དབྱི་སི་རལ་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་བར་སྣང་འཇབ་རྒོལ་བྱེད་སྐབས། སི་རི་ཡའི་སྲིད་གཞུང་དམག་དཔུང་གིས་མཁའ་སྲུང་འཕུར་མདའ་གཅིག་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་དེའི་རྗེས་སུ་སི་རི་ཡཱའི་འཕུར་མདའི་གཏོང་འཕེན་བྱེད་ས་འགར་འགས་གཏོར་བཏང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།