ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པས་སུའུ་ཏན་གྱི་ཆབ་སྲིད་ཕྱོགས་ཁག་དང་དྲག་ཆས་ཚོགས་ཁག་དག་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པའི་དམིགས་བསལ་འཐུས་མི་མཱ་མཱ་པའོ་ལོ་ཡིས་ཚེས་ཉི་ཤུའི་ཉིན་སུའུ་ཏན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོ་དང་དྲག་ཆས་ཚོགས་ཁག་སོ་སོ་སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་། 

མཱ་མཱ་པའོ་ལོ་ཡིས་ཉིན་དེར་ཁཱ་ཐུའུ་མུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་སུའུ་ཏན་གྱི་ཆབ་སྲིད་ཕྱོགས་ཁག་ཚང་མ་དང་། ཁྱད་པར་དུ་སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ནང་ཞུགས་མེད་པའི་དྲག་ཆས་ཚོགས་ཁག་དག་གིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་དམ་འཛིན་བྱས་ཏེ་མཉམ་དུ་གྲོས་མོལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

མཱ་མཱ་པའོ་ལོ་ཡིས་སུའུ་ཏན་སྲིད་གཞུང་དང་དྲག་ཆས་ཕྱོགས་ཁག་སོ་སོ། མཉམ་འབྲེལ་རྒྱལ་ཚོགས། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་གཞན་པས་མཉམ་ལས་བྱས་ཤིང་། རྒྱལ་སྤྱིའི་མི་ཆོས་རྒུད་སྐྱོབ་མི་སྣ་དག་གིས་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་སོགས་མཁའ་འཁོབ་ས་ཁུལ་དུ་རྒྱབ་སྐྱོར་བྱས་ནས། དུས་ལྟར་ཕན་ནུས་ལྡན་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འགན་སྲུང་བྱ་དགོས་པའི་སྐུལ་མ་བཏང་། 

ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པས་མུ་མཐུད་དུ་སུའུ་ཏན་སྲིད་གཞུང་དང་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་དྲག་ཆས་པའི་བར་སྤེལ་བཞིན་པའི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།