ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སྡེ་བར་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་གི་སྡེ་བ་ཞིག་ཏུ་ཉེ་སྔོན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཟེར། 

ཀྲ་མུའུ་ཧྥ་ལཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞེ་ཧུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་བཅུ་བདུན་ཉིན་མེ་མདའ་བཟུང་བའི་དྲག་ཆས་ཉེས་ཅན་སྐོར་ཞིག་སྡེ་བའི་ཉེ་འདབས་ཀྱི་ནགས་ནང་ནས་གློ་བུར་དུ་སྡེ་བའི་ནང་ཡོང་སྟེ། གང་འདོད་འདོད་དུ་སྡེ་དམངས་ལ་མེ་མདས་བརྒྱབ་པར་མ་ཟད་ཁང་བ་མེར་བསྲེགས་པ་རེད་ཟེར། 

ཞེ་ཧུའུ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་དེ་ནི་འཁོན་ལན་སློག་པའི་འཇབ་རྒོལ་ཅིག་ཡིན་པ་དང་། དོན་རྐྱེན་བྱུང་བའི་སྡེ་བར་ཉེན་རྟོག་པ་བཀོད་སྒྲིག་བྱས་ཡོད་ལ། ཤུགས་ཆེན་པོས་འཇབ་རྒོལ་མཁན་དག་འཛིན་བཟུང་བྱེད་བཞིན་ཡོད་ཟེར། 

ཞེ་ཧུའུ་ཡིས་བཤད་རྒྱུར། ཟླ་འདིའི་ཚེས་གསུམ་ཉིན་སྡེ་བ་དེའི་དམངས་དམག་རྩ་འཛུགས་དང་ཉེ་འདབས་ཀྱི་ཕྱུགས་ལས་མང་ཚོགས་བར་འཁྲུག་རྩོད་བྱུང་སྟེ། ཕྱུགས་ལས་པ་འགའ་རྐྱེན་ལམ་དུ་ཤོར། ཉེན་རྟོག་ཕྱོགས་ཀྱིས་སྐབས་དེར་དོགས་གཞི་ཡོད་པའི་དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་བཅུ་གཅིག་འཛིན་བཟུང་བྱས་ཟེར། 

ཆོས་ལུགས་དད་མོས་དང་ས་ཞིང་ཐོན་ཁུངས་འཕྲོག་རྩོད་བྱེད་པ་སོགས་རྒྱུ་རྐྱེན་དབང་གིས་ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་དུས་ཡུན་རིང་བོར་འཁྲུག་རྩོད་འབྱུང་བཞིན་ཡོད་ལ། ལོ་རེར་མི་མང་བོར་ཤི་རྨས་ཐེབས་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།