ཀྲུང་གོ་བོད་ཀྱི་དྲ་བ།

ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་སྐབས་བརྒྱད་པ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གསུམ་ཡིན་པའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་སྐབས་བརྒྱད་པ་ཚེས་བཅུ་བཞིའི་ཉིན་ཨུ་རུ་སིའི་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ཧྲིན་པིས་ཏི་པའོ་ནས་སྤེལ་མགོ་བརྩམས། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་ཡོངས་ཅན་གྱི་རིག་གནས་གསང་ཨང་ཞེས་པ་དེ་ཡིན། ཀྲུང་གོས་གདན་ཞུས་ལྟར་གླེང་སྟེགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་ཁུར། 

ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལོ་ཅེ་ཚི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྐབས་འདིའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་ཀྱིས་རིག་གནས་བྱ་འགུལ་ཐེངས་སུམ་བརྒྱ་དང་ལྔ་བཅུ་ལྷག་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གོ་དྲུག་ནས་ཡོང་བའི་སྐུ་མགྲོན་ཁྲི་གསུམ་དང་སྟོང་ལྔ་ལྷག་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་སོ་སོས་རིག་གནས་བརྗེ་རེས་དང་མཉམ་ལས་སྤེལ་བར་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཀྲུང་གོའི་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཞུའུ་ཡིས་བསྟན་དོན། ཉིས་སྟོང་བཅུ་དགུའི་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་གཙོ་མགྲོན་རྒྱལ་ཁབ་ཀྱི་ཚུལ་དུ་སྐབས་འདིའི་གླེང་སྟེགས་ལ་ཞུགས་པར་དོན་སྙིང་གལ་ཆེན་ལྡན། དེ་ནི་ཀྲུང་གོ་དང་ཨུ་རུ་སིའི་མཛའ་བཤེས་ཀྱི་དན་རྟགས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཡིས་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། ཨུ་རུ་སིའི་མང་ཚོགས་དང་འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཡོང་བའི་གྲོགས་པོ་དག་གིས་ཀྲུང་གོའི་ཡུན་རིང་ཞིང་འོད་སྟོང་འབར་བའི་རིག་གནས་ཉམས་སུ་མྱོང་བར་རེ་སྒུག་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་གོ་སྐབས་འདི་བེད་སྤྱད་དེ་ཨུ་རུ་སི་དང་རྒྱལ་ཁབ་གཞན་པའི་རིག་གནས་དར་རྒྱས་འཕེལ་རྒྱས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།