མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ཡེ་ལུའུ་སཱ་ལེམ་ནས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་གྱི་ཚུན་ལ་དབྱི་སི་རལ་དང་ཅེ་ཧཱ་ཏིའི་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད། ཁོས་བསྟན་དོན། མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་གང་ཡིན་ཡང་བདེན་ལུགས་སྤུ་ཙམ་ཡང་བརྗོད་རྒྱུ་མེད་པ་དང་། ཁྱད་པར་ཅི་ཡང་མེད་པར་མི་མང་བོ་འདུས་པའི་ས་ཁུལ་དུ་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་གཏོང་འཕེན་བྱེད་པ་ནི་གཏན་ནས་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར། 

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་དང་ཅེ་ཧཱ་ཏིའི་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བར་ཉེན་ཁ་ཧ་ཅང་ཆེ་བ་དང་། གནས་བབ་དེ་ཞི་འཇགས་སུ་གཏོང་དགོས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་དོན་དེར་འབད་བརྩོན་བྱེད་བཞིན་ཡོད། 

ཚེས་བཅུ་གཉིས་ཉིན། དབྱི་སི་རལ་གྱི་མཁའ་དམག་གིས་ཅེ་ཧཱ་ཏིའི་མཐོ་རིམ་བཀོད་འདོམ་དཔོན་པོ་ཨ་ཐཱ་ཡི་ཅཱ་ཧྲ་ས་ཁུལ་གྱི་སྡོད་གནས་ལ་འཇབ་རྒོལ་བྱས་ཏེ་ཨ་ཐཱ་རྐྱེན་ལམ་དུ་ཤོར། དེར་འཁོན་ལན་སློག་ཆེད་ཅེ་ཧཱ་ཏི་ཡིས་ཚེས་བཅུ་གཉིས་ཉིན་ནས་བཟུང་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཅེ་ཧཱ་ཏིའི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས། མིག་སྔར་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད། 

དབྱི་སི་རལ་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་མི་གསུམ་ལ་མེ་ཤུགས་འཕུར་མདའི་འགས་གཏོར་ལས་རྨས་ཕོག་ཡོད་ཟེར། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་གིས་བསྟན་དོན། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།