ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་བསྡུས་ཏེ་མཉམ་འབྲེལ་འགོག་སྲུང་ལས་གཞི་བཅུ་གསུམ་ལ་གསར་དུ་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་གཉིས་ཉིན་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་བསྡུས་ཏེ། མཉམ་འབྲེལ་འགོག་སྲུང་ལས་གཞི་བཅུ་གསུམ་ལ་ཆོག་མཆན་བཀོད། དེའི་ནང་མི་བསྡད་མེད་པའི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མ་ལག་གསར་སྐྲུན་བྱེད་པ་དང་། སྨན་བཅོས་ཀྱི་གསོ་སྦྱོང་ལྟེ་གནས་གསར་བ་འཛུགས་པ་སོགས་འདུས། ད་ལྟའི་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་དུས་གཏན་གྱི་གྲུབ་ཚུལ་རང་བཞིན་གྱི་མཉམ་ལས་ཞེས་པའི་མཉམ་འབྲེལ་འགོག་སྲུང་རྐྱེན་སྲོལ་གྱིས་ལས་གཞི་ཞེ་བདུན་ལ་ཆོག་མཆན་བཀོད་ཡོད་པ་རེད། 

ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། མཚོ་ཐོག་གི་མི་བསྡད་མེད་པའི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མ་ལག་གིས་རྩེར་སོན་གྱི་ལག་རྩལ་བེད་སྤྱོད་བྱེད་རྒྱུ་ཡིན་པ་དང་། མིའི་བཟོས་རིག་ནུས་དེ་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཐབ་འཁྲུག་ཁྲོད་བེད་སྤྱོད་བྱེད་རྒྱུ་རེད། མ་ལག་དེ་ཆུ་ལོག་གི་རིན་ཐང་ཆེ་བའི་རྨང་གཞིའི་སྒྲིག་ཆས་དང་རྒྱ་མཚོའི་ནུས་ཁུངས་མ་ལག་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ལ། ཞོར་དུ་ཆུ་ལོག་གི་འཕྲིན་གཏོང་ལམ་ཐིག་ཐད་ཀྱི་འཇིགས་ཉེན་སྔོན་འགོག་བྱེད་ཐུབ་ཟེར། 

དེ་ལས་གཞན་སྨན་བཅོས་གསོ་སྦྱོང་ལྟེ་གནས་གསར་འཛུགས་བྱེད་པ་ལས་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་འཐབ་འཛིང་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དེ་ཕོ་ལན་དང་ཧང་ག་རི་ཡིས་སྣེ་ཁྲིད་ནས་འཛུགས་རྒྱུ་རེད། དྲ་རྒྱའི་ལག་རྩལ་དང་གསར་གཏོད་ལྟེ་གནས་ཤིག་བཙུགས་ནས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དྲ་རྒྱའི་སྐྱེ་ཁམས་མ་ལག་གསར་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེ་ཕུའུ་ཐའོ་ཡཱ་དང་སི་ཕན་གྱིས་ལག་བསྟར་བྱེད་རྒྱུ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཞོར་དུ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་འགན་ཁུར་བའི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་བཤད་རྒྱུར། དུས་གཏན་གྱི་གྲུབ་ཚུལ་རང་བཞིན་གྱི་མཉམ་ལས་ཞེས་པའི་མཉམ་འབྲེལ་འགོག་སྲུང་རྐྱེན་སྲོལ་གྱིས་ཕྱིན་ཆད་ཀྱི་ལོ་གཉིས་ནང་སྔར་ལས་མང་བའི་ལས་གཞིར་ཆོག་མཆན་འགོད་མི་སྲིད་པར། ད་ཡོད་ཀྱི་ལས་གཞི་དངོས་འབེབ་བྱེད་པ་གཙོར་འཛིན་རྒྱུ་ཡིན་ཟེར། 

དུས་གཏན་གྱི་གྲུབ་ཚུལ་རང་བཞིན་གྱི་མཉམ་ལས་ཞེས་པའི་མཉམ་འབྲེལ་འགོག་སྲུང་རྐྱེན་སྲོལ་དེ་ཉིས་སྟོང་བཅུ་བདུན་ལོར་ལག་བསྟར་བྱེད་མགོ་བརྩམས་པ་དང་། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགོག་སྲུང་ལས་དོན་ཐད་ཀྱི་མཉམ་འབྲེལ་རོགས་ལས་ལ་སྐུལ་འདེད་བཏང་སྟེ་ཨ་མེ་རི་ཁར་སྐྱབས་བཅོལ་བའི་ཚད་ཇེ་ཉུང་དུ་གཏོང་ཆེད་རེད། 

ཚེས་བཅུ་གཉིས་ཉིན་གྱི་གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་ལས་དེ་གྲོས་གཞི་གཙོ་བོར་བྱས་ཡོད། མའོ་ཀའེ་ལི་ནེ་ཡིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉེ་སྔོན་བྱང་ཆིངས་རྩ་འཛུགས་ཉམས་ཉེན་ལ་འཕྲད་ཡོད་པའི་སྐོར་གྱི་བརྗོད་ཚུལ་ཐད་ནས་ལན་ཅི་ཡང་བཏབ་མེད། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ནམ་རྒྱུན་རྒྱལ་ཁབ་རང་གི་རྒྱལ་སྲུང་བཟོ་ལས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཐུན་མོང་གི་འགོག་སྲུང་ཐད་འགན་སྲུང་བྱེད་པར་སྐྱབས་བཅོལ་ཡོད། ཡིན་ཡང་ཨ་མེ་རི་ཁས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ཐད་སྔར་ལས་མང་བའི་མ་དངུལ་གཏོང་དགོས་པའི་རེ་བ་བཏོན་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།