ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་སི་ཐན་དུས་སྐབས་ཚགས་པར་གྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ཏའོ་ཏཱ་ས་ཁུལ་དུ་བགྲོད་སྐབས་གྲོག་རོང་དུ་ལྷུང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རླངས་འཁོར་དེའི་ཐེག་ཚད་མི་གྲངས་བཅུ་ཡིན་ཡང་། དོན་རྐྱེན་བྱུང་སྐབས་རླངས་འཁོར་དེའི་སྟེང་བསྡོམས་པས་མི་བཅུ་བདུན་ཡོད། དོན་རྐྱེན་དེ་ལས་མི་བཅུ་གཉིས་དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། སྲོག་ཉེན་ལས་ཐར་བའི་མི་གཅིག་པུར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་ཐེག་ཚད་ལས་བརྒལ་བ་དང་ཁ་ལོ་བའི་ཉེན་ཁའི་བྱ་སྤྱོད་ནི་དོན་རྐྱེན་དེ་འབྱུང་རྐྱེན་གཙོ་བོ་ཡིན་པར་འདོད། 

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། ཐེག་ཚད་ལས་བརྒལ་བ་དང་རླངས་འཁོར་ལ་ཞིག་གསོ་མ་བྱས་པ། ལམ་མི་བདེ་བ་སོགས་ནི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།