ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱའི་ཙུང་ཐུང་གིས་རྒྱལ་ཡོངས་ཀྱི་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པའོ་ལེ་ཝེ་ཡཱའི་ཙུང་ཐུང་མའོ་ལཱ་ལའེ་སི་ཡིས་ཚེས་དགུའི་ཉིན་རྒྱལ་ཡོངས་ཀྱི་ཏང་ཁག་སོ་སོས་གྲོས་མོལ་བྱས་ཏེ། ཟླ་བཅུ་བའི་ཙུང་ཐུང་འདེམ་བསྐོའི་ཚུན་ལ་བྱུང་བའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཉམས་ཉེན་ཚབས་ཆེན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱ་དགོས་པའི་འབོད་སྐུལ་བཏང་། 

མའོ་ལཱ་ལའེ་སི་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་དམངས་གཙོར་སྲུང་སྐྱོབ་བྱེད་ཆེད། ཁོས་ངོ་རྒོལ་ཕྱོགས་ཁག་དང་བཅས་པའི་ཏང་ཁག་སོ་སོས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། མིག་སྔའི་རྒྱལ་ནང་གི་གནས་བབ་ཐད་ནས་གྲོས་མོལ་བྱ་དགོས་པའི་གྲོས་གཞི་བཏོན། དེ་ལས་གཞན་ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཐེངས་འདིའི་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས། 

མའོ་ལཱ་ལའེ་སི་ཡིས་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་གྱི་འདེམ་བསྐོའི་ཁྲོད་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་ཚུལ་བསྟན་པ་དང་། ཁོའི་རྒྱབ་སྐྱོར་མཁན་དག་གིས་ཞི་བའི་ཐབས་ལ་བརྟེན་ནས་འདེམ་བསྐོའི་མཇུག་འབྲས་ལ་བརྩི་འཇོག་མི་བྱེད་པ་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་གཏོར་བརླག་བྱེད་པའི་དྲག་ཤུགས་བྱ་སྤྱོད་དག་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་། 

སྤྱི་དམངས་སྤྱི་ཚོགས་ཏང་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་འདེམ་སྒུག་མི་སྣའི་འཐུས་མི། སྔོན་ཆད་ཀྱི་ཙུང་ཐུང་མཱེ་སཱ་ཡིས་ཉིན་དེར་མའོ་ལཱ་ལའེ་སིའི་གྲོས་མོལ་ལ་ཞུགས་པའི་གྲོས་གཞི་དང་ལེན་མ་བྱས་པ་དང་། རང་གི་རྒྱབ་སྐྱོར་མཁན་གྱིས་མུ་མཐུད་དུ་ཞི་བདེའི་ཁྲོམ་སྐོར་བྱ་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་མིག་སྔའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་མྱུར་དུ་ཡང་བསྐྱར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་དེ་ཡིན་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། པའོ་ལེ་ཝེ་ཡཱའི་ཆབ་སྲིད་དང་སྤྱི་ཚོགས་ཉམས་ཉེན་སྔར་ལས་ཚབས་ཆེན་དུ་གྱུར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་བོའི་ཉེན་རྟོག་པས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ། མའོ་ལཱ་ལའེ་སི་ཡིས་དྲ་ཚིགས་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་བརྡ་བཏང་སྟེ། ཉེན་རྟོག་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་ནི་སྲིད་འགྱུར་གྱི་བྱ་སྤྱོད་ཅིག་ཡིན་པ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།